མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་ཡིས་ཡོ་རོབ་གླིང་མནའ་འབྲེལ་དང་ཝུའུ་ཁི་ལན་སོགས་རྒྱལ་ཁབ་གསུམ་གྱིས་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་བཀོད་ན་ཨུ་རུ་སིའི་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་སྲིད་པར་བཤད།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-27 10:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་སོགས་རྒྱལ་ཁབ་གསུམ་བར་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་བཀོད་ན་ཨུ་རུ་སིའི་དཔལ་འབྱོར་ཐད་གྱོང་གུད་ཆེན་པོ་འབྱུང་སྲིད་པར་འདོད་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཨུ་རུ་སི་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་དེའི་སྔོན་བསྡུས་པའི་གྲོས་མོལ་ཐེངས་གཉིས་ཀྱི་སྐབས་སུ་ཡོ་རོབ་གླིང་མནའ་འབྲེལ་གྱིས་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་བཀོད་ན་ཤར་ཕྱོགས་གྲོགས་པོའི་འབྲེལ་བའི་འབྲེལ་ཡོད་རྒྱལ་ཁབ་དང་ཨུ་རུ་སི་ལ་ཁེ་ཕན་ག་འདྲ་འབྱུང་སྲིད་པ་བདེན་དཔང་བྱས་མེད་པ་དང་། ཨུ་རུ་སི་ཡིས་བལྟས་ན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་དང་མའོ་ཨར་ཏའོ་ཝ། ཀི་ལུའུ་ཅི་ཡཱ་བཅས་ཀྱི་བར་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་བཀོད་ན། ཨུ་རུ་སི་དང་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཉམ་ལས་ལ་གཏོར་བརླག་ཐེབས་པ་དང་། དཔལ་འབྱོར་ཉོ་ཚོང་འབྲེལ་བ་ཇེ་ཞན་དུ་སོང་ནས་ཨུ་རུ་སིའི་དཔལ་འབྱོར་ཐད་གྱོང་གུད་ཐེབས་ངེས་རེད་ཟེར།

གསལ་སྒྲོག་ལས་ད་རུང་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན་ཨུ་རུ་སི་དང་ཡོ་རོབ་གླིང་མནའ་འབྲེལ། ཝུའུ་ཁི་ལན་བཅས་ཕྱོགས་གསུམ་གྱི་པུའུ་ཀྲང་རིམ་པའི་གྲོས་མོལ་སྤེལ་རྒྱུའི་གྲོས་གཞི་བཏོན་པ་དང་། ཨུ་རུ་སི་ཡིས་དེར་གཟེངས་བསྟོད་བྱེད་བཞིན་ཡོད། ཡིན་ཡང་ཨུ་རུ་སིའི་ཕྱོགས་ཀྱིས་ནན་གྱིས་བསྟན་དོན། གྲོས་མོལ་དེ་འདྲ་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་མ་བཀོད་གོང་སྤེལ་དགོས་ཟེར།

འཆར་གཞི་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚེས་ཉེར་བདུན་ཉིན་ཡོ་རོབ་གླིང་མནའ་འབྲེལ་གྱི་དབྱར་ཁའི་མཐོ་རིམ་གྲོས་ཚོགས་སྐབས་སུ་ཝུའུ་ཁི་ལན་བར་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་འགོད་རྒྱུ་ཡིན་པ་དང་། གཞན་ད་རུང་ཀི་ལུའུ་ཅི་ཡཱ་དང་མའོ་ཨར་ཏའོ་ཝ་རྒྱལ་ཁབ་གཉིས་ཀྱི་བར་དུའང་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་འགོད་རྒྱུ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག