མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པ་འཛམ་གླིང་འཁྲུག་ཆེན་དང་པོ་བྱུང་ནས་ལོ་ངོ་བརྒྱ་འགོར་བར་རྗེས་དྲན་བྱེད་པའི་བྱ་འགུལ་ལ་ཞུགས།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-27 10:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་བརྒྱད་ཀྱི་མགོ་ཁྲིད་པ་དང་ཡོ་རོབ་གླིང་མནའ་འབྲེལ་ལས་ཁུངས་ཀྱི་མགོ་ཁྲིད་པ་ཚེས་ཉེར་དྲུག་ཉིན་པུ་ལི་ཧྲི་ཡི་ཧྥོ་ལཱ་མང་ཞིང་ཆེན་ནུབ་མའི་དབྱི་ཕུའུ་ཨར་གྲོང་ཁྱེར་ནས་འཛམ་གླིང་འཁྲུག་ཆེན་དང་པོ་བྱུང་ནས་ལོ་ངོ་བརྒྱ་འགོར་བར་རྗེས་དྲན་བྱེད་པའི་བྱ་འགུལ་ལ་ཞུགས་ཏེ། འཐབ་འཁྲུག་ལ་བསམ་གཞིགས་བྱས་པ་དང་ཞི་བདེ་ལ་རེ་སྨོན་བྱས།

འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་སོགས་འདུས་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་བརྒྱད་ཀྱི་མགོ་ཁྲིད་པ་དང་། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྥན་ལུང་ཕའེ་དང་། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ལོ་ཙོ་སོགས་རྗེས་དྲན་བྱ་འགུལ་ལ་ཞུགས། རྗེས་དྲན་བྱ་འགུལ་ལ་རོལ་དབྱངས་དཀྲོལ་ལེན་དང་། མེ་ཏོག་འབུལ་བ། མཉམ་དུ་མྱ་ངན་ཞུ་བ་སོགས་འདུས།

ཧྥན་ལུང་ཕའེ་ཡིས་གཏམ་བཤད་སྤེལ་ཏེ། འཐབ་འཁྲུག་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོར་མྱ་ངན་ཞུས་པ་དང་། འཐབ་འཁྲུག་ལ་བསམ་གཞིགས་དང་ཞི་བདེ་ལ་རེ་སྨོན་ཞུས།

འཛམ་གླིང་འཁྲུག་ཆེན་དང་པོ་དེ་གཅིག་སྟོང་དགུ་བརྒྱ་བཅུ་བཞིའི་ལོར་བྱུང་བ་དང་། གཅིག་སྟོང་དགུ་བརྒྱ་བཅོ་བརྒྱད་ལོར་མཇུག་སྒྲིལ། དམག་མི་བྱེ་བ་དྲུག་དང་ས་ཡ་ལྔ་འཐབ་འཁྲུག་དེར་ཞུགས་པ་དང་། དེའི་ནང་དམག་མི་ས་ཡ་བརྒྱད་ཀྱི་ཚེ་སྲོག་ཤོར་བ་དང་། དམག་མི་ས་ཡ་གཉིས་ལ་ནད་ཕོག་ནས་ཤི། མི་བྱེ་བ་གཉིས་དང་ས་ཡ་གཅིག་ལ་རྨས་ཕོག མི་སེར་དཀྱུས་མ་ས་ཡ་དྲུག་གི་ཚེ་སྲོག་ཤོར། མཁར་གྲོང་དང་བཟོ་གྲྭ། རྨང་གཞིའི་སྒྲིག་ཆས་སོགས་བགྲང་ལས་འདས་པ་གཏོར་བཤིག་ཐེབས།

པུ་ལི་ཧྲི་ནི་འཛམ་གླིང་འཁྲུག་ཆེན་དང་པོའི་གཡུལ་ས་གཙོ་བོ་ཞིག་ཡིན་པ་དང་། བསྡོམས་པས་རྒྱལ་ཁབ་དང་ས་ཁུལ་ལྔ་བཅུ་ལྷག་ནས་ཡོང་བའི་དམག་དཔུང་གིས་རྒྱལ་ཁབ་དེའི་མངའ་ཁོངས་ནས་ཕན་ཚུན་དམར་གསོད་བྱས། ཧྥོ་ལཱ་མང་ཞིང་ཆེན་ནུབ་མ་ཁོ་ན་ནས་དམག་མི་འབུམ་ལྔའི་ཚེ་སྲོག་ཤོར་བ་རེད། མིའི་རིགས་ཀྱི་ལོ་རྒྱུས་སྟེང་ཐོག་དང་པོར་རྫས་འགྱུར་མཚོན་ཆའི་འཐབ་འཁྲུག་བྱུང་ས་ཡང་གནས་དེ་རེད།

ཚེས་ཉེར་དྲུག་ཉིན་དབྱེ་ཕུའུ་ཨར་ནས་འཛམ་གླིང་འཁྲུག་ཆེན་དང་པོའི་རྗེས་དྲན་བྱ་འགུལ་ལ་ཞུགས་པ་ནི་སྐབས་འདིའི་ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པའི་དབྱར་ཁའི་མཐོ་རིམ་གྲོས་ཚོགས་ཀྱི་ཉིན་དང་པོའི་ནང་དོན་གཙོ་བོ་ཞིག་ཡིན་པ་དང་། ཚེས་ཉེར་བདུན་ཉིན་ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པས་མུ་མཐུད་དུ་པུའུ་ལུའུ་སེར་ནས་བྱ་བའི་གྲོས་མོལ་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱི་དཔལ་འབྱོར་འཕར་སྣོན་དང་ལས་ཞུགས། ཝུའུ་ཁི་ལན་གྱི་ཉམས་ཉེན་སོགས་གྲོས་གཞིར་གྲོས་བསྡུར་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག