མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ལི་པུ་ཡཱ་ཡིས་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་ཀྱི་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཡོངས་འགྲུབ་བྱས་པར་དགའ་བསུ་ཞུས།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-27 10:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་ཉེར་དྲུག་ཉིན་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ལི་པུ་ཡཱའི་མི་དམངས་ཀྱིས་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱི་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཡོངས་འགྲུབ་བྱས་པར་རྟེན་འབྲེལ་ཞུས་པ་དང་། དེ་ནི་ལི་པུ་ཡཱ་ཡིས་བར་བརྒལ་འཕེལ་རིམ་ལ་ཡར་སྐུལ་བྱེད་པ་དང་ཆབ་སྲིད་འཕེལ་རིམ་བརྟན་འཇགས་ཡོང་བར་བྱེད་པའི་གོ་རིམ་གལ་ཆེན་ཞིག་ཡིན་པར་འདོད་ཡོད་ཟེར།

ཕན་ཅི་ཝུན་གྱིས་གསལ་སྒྲོག་ནང་བསྐྱར་སྒྲོག་བྱས་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལི་པུ་ཡཱའི་གསར་དུ་བདམས་པའི་ལས་ཁུངས་བར་མཉམ་ལས་ཟབ་མོ་བྱས་ཏེ། ལི་པུ་ཡཱའི་མི་དམངས་ཀྱིས་དམངས་གཙོ་དང་ཁྲིམས་སྐྱོང་། འགྲོ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱེད་པ་རྨང་གཞིར་བྱས་པའི་རྒྱལ་ཁབ་ཞིག་འཛུགས་པའི་རེ་འདུན་མངོན་འགྱུར་བྱེད་པར་ཡར་སྐུལ་གཏོང་རྒྱུ་ཡིན་ཟེར། ཕན་ཅི་ཝུན་གྱིས་ད་རུང་ལི་པུ་ཡཱ་ཡིས་འདེམ་ཤོག་འཕེན་པའི་ཉིན་དེར་མུ་མཐུད་དུ་དྲག་ཤུགས་དོན་རྐྱེན་བྱུང་བར་སེམས་ཁུར་བྱེད་བཞིན་ཡོད་པ་དང་། ལི་པུ་ཡཱའི་མི་ཚང་མས་དྲག་ཤུགས་དང་དམངས་གཙོའི་བར་བརྒལ་འཕེལ་རིམ་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ལི་པུ་ཡཱ་ཡིས་ཚེས་ཉེར་ལྔ་ཉིན་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱི་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ། ཐེངས་འདིའི་འདེམ་བསྐོ་ནི་ཉིས་སྟོང་བཅུ་གཅིག་ལོར་ཁཱ་ཀྲ་ཧྥེ་སྲིད་དབང་རྩ་རྫོགས་བྱས་པའི་ཚུན་ལ། ལི་པུ་ཡཱ་ཡིས་ཐེངས་གཉིས་པར་གྲོས་ཁང་འདེམ་བསྐོའི་བྱ་འགུལ་སྤེལ་བ་རེད། འདེམ་བསྐོའི་ཉིན་དེར་འདེམ་ཤོག་འཕེན་ས་བརྒྱད་ལ་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་པ་དང་། འདེམ་ཤོག་འཕེན་ས་རེ་འགའི་སྒོ་མི་བརྒྱག་ཐབས་མེད་བྱུང་། ཐེངས་འདིའི་འདེམ་བསྐོའི་འདེམ་ཤོག་འཕང་བའི་ཚད་ནི་བརྒྱ་ཆའི་ཞེ་ལྔ་ཙམ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག