མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨ་ཧྥུའུ་ཧན་ཕྱོགས་ཁག་སོ་སོས་འདེམ་བསྐོའི་ལས་ཁུངས་དང་འདེམ་བསྐོའི་འཕེལ་རིམ་ལ་བརྩི་འཇོག་བྱེད་དགོས་པའི་འབོད་སྐུལ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-26 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་ལྔ་ཉིན་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་འདེམ་བསྐོའི་ཐད་ནས་ཀྲུའུ་ཞིའི་གསལ་སྒྲོག་སྤེལ་ཏེ། ཕྱོགས་སོ་སོས་འདེམ་བསྐོའི་ལས་ཁུངས་དང་འདེམ་བསྐོའི་འཕེལ་རིམ་ལ་བརྩི་འཇོག་བྱས་ཏེ། དྲག་ཤུགས་དང་ཟིང་འཁྲུག་ལ་ངན་སྐུལ་བྱེད་པའི་བྱ་སྤྱོད་གང་རུང་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་ཨ་ཧྥུའུ་ཧན་གྱི་གནས་བབ་ཐད་ནས་གྲོས་ཚོགས་བསྡུས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ཨ་ཧྥུའུ་ཧན་གནད་དོན་གྱི་དམིགས་བསལ་འཐུས་མི་ཁུའུ་པུས་ཧྲི་ཡིས་གནས་ཚུལ་སྙན་ཞུ་བྱེད་སྐབས་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་འདེམ་བསྐོ་ཆེན་མོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་ནས་བྱུང་བའི་ཛ་དྲག་གི་གནས་བབ་ཐད་ནས་འདེམ་སྒུག་མི་སྣ་གཉིས་ཀྱིས་ཆབ་སྲིད་ཀྱི་ཁྱད་ནུས་འདོན་དགོས། དེ་ལྟ་མིན་ཚེ་འདེམ་སྒུག་མི་སྣ་དང་ཕྱོགས་ཁག་གཉིས་ཀྱི་རྒྱབ་སྐྱོར་མཁན་དགྲ་རུ་ལངས་ཏེ་དྲག་ཤུགས་འབྱུང་སྲིད་ལ། ཨ་ཧྥུའུ་ཧན་གྱིས་བདེ་འཇགས་དང་བརྟན་འཇགས། དཔལ་འབྱོར་སོགས་ལས་བཟོས་པའི་ཤུགས་རྐྱེན་ཐག་གཅོད་པར་འགན་ཁུར་བའི་ནུས་པ་མེད་ཟེར།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་ད་རུང་ཨ་ཧྥུའུ་ཧན་གྱི་དུག་རྫས་གནད་དོན་ཐད་ནས་ཀྲུའུ་ཞིའི་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་སོ་སོས་རྒྱལ་སྤྱི་དང་ས་ཁུལ་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཨ་ཧྥུའུ་ཧན་ནས་བྱུང་བའི་ཁྲིམས་འགལ་གྱིས་དུག་རྫས་ཐོན་སྐྱེད་དང་ལྐོག་འཚོང་། འཛད་སྤྱོད་བཅས་བྱེད་པའི་སྣང་ཚུལ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཐེབས་པའི་འཇིགས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག