མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་དང་ཨ་མེ་རི་ཁས་ཁྲིམས་འཛིན་དང་བདེ་འཇགས་ལས་དོན་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-26 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་དང་ཨ་མེ་རི་ཁས་ཚེས་ཉེར་ལྔ་ཉིན་ཡཱ་ཏེན་ནས་བསྡུས་པའི་ཁྲིམས་འཛིན་དང་རྒྱལ་ཁོངས་བདེ་འཇགས་ལས་དོན་གྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་བསྡུས་ཏེ། ཕྱོགས་གཉིས་ཀྱིས་ཁྲིམས་འཛིན་དང་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་པར་འཐད་པ་བྱུང་། དེ་ནི་ཞི་ལཱ་རྒྱལ་ཁབ་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་སུ་སྤེལ་བའི་ཆེས་མཇུག་མཐའི་དངོས་གཞི་མིན་པའི་པུའུ་ཀྲང་གྲོས་ཚོགས་ཐེངས་ཤིག་རེད།

ཐེངས་འདིའི་གྲོས་ཚོགས་ནས་གྲོས་བསྡུར་བྱས་པའི་གནད་འགག་གི་གྲོས་གཞི་ཞིག་ནི་ཨ་མེ་རི་ཁ་དང་ཡོ་རོབ་གླིང་བར་མི་སྒེར་གྱི་བརྡ་འཕྲིན་ཐག་གཅོད་བྱེད་སྐབས་ཇི་ལྟར་སྤྱི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་དེ་ཡིན། ཨ་མེ་རི་ཁ་ཕྱོགས་ཀྱིས་བསྟན་དོན། དེས་ཁྲིམས་འཛུགས་ལ་ཡར་སྐུལ་བྱས་ཏེ་ཡོ་རོབ་གླིང་གི་སྤྱི་དམངས་ལ་སྔར་ལས་སྲུང་སྐྱོབ་བྱེད་དགོས་ཟེར།

ཞི་ལཱའི་སྤྱི་བའི་སྒྲིག་ལམ་དང་སྤྱི་དམངས་ཀྱི་བདེ་སྲུང་པུའུ་ཀྲང་ཅི་ཅི་ལེ་ཡཱ་སི་ཡིས་གྲོས་ཚོགས་གྲོལ་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ང་ཚོར་མཚོན་ན་ཇི་ལྟར་གནས་སྤོར་སྡོད་དམངས་ཀྱི་རྒྱུན་ལ་དོ་དམ་བྱེད་པ་དང་མཐའ་མཚམས་ལ་སྲུང་སྐྱོབ་བྱེད་པ། འཇིགས་སྐུལ་རིང་ལུགས་དང་རྩ་འཛུགས་ཡོད་པའི་ནག་ཉེས་ལ་ཆམ་ཕབ་གཏོང་བར་གལ་འགངས་ཧ་ཅང་ཆེ། དེ་ནི་ང་ཚོས་དེ་རིང་གྲོས་བསྡུར་བྱེད་པའི་གནད་དོན་གཙོ་བོ་ཡིན་ཟེར།

ཞི་ལཱའི་ཁྲིམས་འཛིན་པུའུ་ཀྲང་ཨ་སཱ་ནཱ་ཞིག་གིས་བཤད་རྒྱུར། མི་སྒེར་གྱི་རང་དབང་དང་སྤྱི་བའི་བདེ་འཇགས་བར་དོ་མཉམ་ཡོང་བར་སྲུང་འཛིན་བྱེད་པ་ནི་རྙོག་འཛིང་གི་གནད་དོན་ཞིག་ཡིན་ཡང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་མེ་རི་ཁ་དང་གྲོས་མཐུན་རབ་དང་རིམ་པ་འགོད་འདོད་ཡོད་ཟེར།

ཡོ་རོབ་གླིང་མནའ་འབྲེལ་གྱི་ནང་ཁུལ་ལས་དོན་གྱི་འགན་ཁུར་བའི་ཨུ་ཡོན་མཱ་ཨར་མུའུ་སི་ཐི་ལོན་གྱིས་བཤད་རྒྱུར། སི་ནོའུ་ཏིན་དོན་རྐྱེན་རྗེས་སུ་ཡོ་རོབ་གླིང་མནའ་འབྲེལ་དང་ཨ་མེ་རི་ཁའི་འབྲེལ་བ་ཛ་དྲག་ཡིན་ཡང་། ང་ཚོས་འབད་བརྩོན་ཆེན་པོ་བྱས་ཏེ་ཡིད་ཆེས་སླར་གསོ་བྱས་ཡོད་པ་དང་། ཕྱོགས་གཉིས་ཀྱིས་མཉམ་ལས་ཟབ་མོ་བྱས་ཏེ་མཉམ་དུ་འགྲན་རྩོད་ཐག་གཅོད་བྱེད་དགོས་ཟེར།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག