མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སི་དང་འཇར་མན་གྱི་མགོ་ཁྲིད་པས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་འཁྲུག་རྩོད་མཚམས་འཇོག་པའི་དཔྱད་ཞིབ་ནང་རྐྱེན་འཛུགས་དགོས་པའི་འབོད་སྐུལ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-26 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་ཉེར་ལྔ་ཉིན་སྤྱི་སྒྲོག་སྤེལ་ཏེ། ཉིན་དེའི་ཕྱི་དྲོར་ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གཉིས་ཀྱིས་མཉམ་དུ་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ལ་ཁ་པར་བཏང་། ཨོ་ལིང་ཏི་དང་མའོ་ཁི་ཨར་གྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་གིས་མཉམ་ལས་བྱེད་དགོས་པ་དང་། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་རྒྱབ་སྐྱོར་འོག འཁྲུག་རྩོད་མཚམས་འཇོག་པའི་དཔྱད་ཞིབ་ནང་རྐྱེན་བཙུགས་ཏེ། ཕན་ནུས་ལྡན་པའི་སྒོ་ནས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་མཐའ་མཚམས་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་། ཨོ་ལིང་ཏི་དང་མའོ་ཁི་ཨར་གྱིས་ད་རུང་གང་མགྱོགས་ཀྱིས་བཀག་འཇུག་མི་སྣ་ཕྱིར་གཏོང་དགོས་པའི་རེ་བ་བཏོན།

སྤྱི་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་ཁ་པར་གྲོས་མོལ་ནི་ཟླ་དྲུག་པའི་ཚེས་དྲུག་ཉིན་ཕུའུ་ཅིན་དང་པའོ་ལོ་ཧྲིན་ཁི་གཉིས་ཀྱིས་ཧྥ་རན་སིའི་ནོའུ་མན་ཏིས་ནས་ཐོག་དང་པོར་ཐུག་འཕྲད་བྱས་རྗེས་སྤེལ་མགོ་བརྩམས་པའི་ཆབ་སྲིད་འཕེལ་རིམ་གྱི་ཁག་ཅིག་རེད། ཧྥ་རན་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཐེངས་འདིའི་ཁ་པར་གྲོས་མོལ་དེ་དུས་ཚོད་གཅིག་ལྷག་འགོར་ཡོད་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། པའོ་ལོ་ཧྲིན་ཁི་ཡིས་ཚེས་ཉི་ཤུའི་ཉིན་ཞི་བདེའི་འཆར་གཞི་བཏོན་ཏེ་ཕྱོགས་གཅིག་གིས་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས་པའི་ཚུན་ལ། ཨོ་ལིང་ཏི་དང་མའོ་ཁི་ཨར་གྱིས་ཨུ་རུ་སིས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་ཆེད་སྤེལ་བའི་བྱ་སྤྱོད་ལ་ལྟ་བཞིན་ཡོད་པ་དང་། ཁྱད་པར་དུ་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་ལྔ་ཉིན་ཕུའུ་ཅིན་གྱི་གྲོས་གཞི་ལ་འཐད་པའི་འདེམ་ཤོག་འཕང་སྟེ། ཟླ་གསུམ་པའི་ཚེས་གཅིག་ཉིན་ཝུའུ་ཁི་ལན་ལ་དྲག་ཤུགས་སྤྱོད་པའི་ཐད་ནས་ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་ལ་གནང་བའི་དབང་ཆ་མེད་པར་བཟོས། ཨོ་ལིང་ཏི་དང་མའོ་ཁི་ཨར་གྱིས་པའོ་ལོ་ཧྲིན་ཁི་ཡིས་གང་མགྱོགས་ཀྱིས་རང་གིས་བཏོན་པའི་ཞི་བདེའི་འཆར་གཞི་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།

ཨོ་ལིང་ཏི་དང་མའོ་ཁི་ཨར་གྱིས་ཟླ་འདིའི་ནང་ཐེངས་གསུམ་ལ་མཉམ་དུ་ཕུའུ་ཅིན་ལ་ཁ་པར་བཏང་སྟེ་ཝུའུ་ཁི་ལན་གྱི་ཉམས་ཉེན་ལ་གྲོས་བསྡུར་བྱས། ཧྥ་རན་སིའི་གླེང་ཕྱོགས་རེ་འགས་བལྟས་ན། ཝུའུ་ཁི་ལན་གྱི་ཉམས་ཉེན་དེར་འགོར་འགྱངས་བྱུང་ན་ཡོ་རོབ་གླིང་མནའ་འབྲེལ་གྱི་དཔལ་འབྱོར་ལ་ཤུགས་རྐྱེན་ཅུང་ཆེན་པོ་ཐེབས་སྲིད་པར་འདོད། ཨོ་ལིང་ཏི་དང་མའོ་ཁི་ཨར་གྱིས་ཉེ་སྔོན་ཝུའུ་ཁི་ལན་གྱི་ཉམས་ཉེན་ནང་ཞུགས་པའི་ཤུགས་ཚད་ཇེ་ཆེར་བཏང་ཡོད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག