མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྱང་ཆིངས་རྩ་འཛུགས་ཀྱིས་ཝུའུ་ཁི་ལན་ལ་རོགས་རམ་བྱས་ཏེ་འགོག་སྲུང་ནུས་པར་ཤུགས་སྣོན་རྒྱུ་རེད།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-26 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་ཕྱི་འབྲེལ་བློན་ཆེན་གྱིས་ཚེས་ཉེར་ལྔ་ཉིན་པུའུ་ལུའུ་སེར་ནས་གྲོས་ཚོགས་བསྡུས། གྲོས་ཚོགས་ནས་ཝུའུ་ཁི་ལན་གྱིས་འགོག་སྲུང་ནུས་པར་ཤུགས་སྣོན་པའི་བྱེད་ཐབས་རབ་དང་རིམ་པར་རོགས་རམ་བྱེད་པར་གྲོས་འཆམ་བྱུང་བ་དང་། མུ་མཐུད་དུ་ཨུ་རུ་སིའི་བར་གྱི་མཉམ་ལས་མཚམས་འཇོག་རྒྱུ་ཐག་བཅད།

བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་ཕྱི་འབྲེལ་བློན་ཆེན་གྱིས་ཉིན་དེར་ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཁི་ལེ་མུའུ་ཅིན་དང་གྲོས་མོལ་བྱས་ཏེ་གྲོས་འཆམ་བྱུང་། བྱང་ཆིངས་རྩ་འཛུགས་ཀྱིས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ཝུའུ་ཁི་ལན་གྱི་འགོག་སྲུང་ནུས་པར་ཤུགས་སྣོན་བྱེད་རྒྱུ་ཡིན་པ་དང་། དེའི་ནང་ཡིད་རྟོན་ཐེབས་རྩ་དང་ཝུའུ་ཁི་ལན་གྱི་མཁོ་སྒྲུབ་དང་བཀོད་འདོམ། དྲ་རྒྱའི་འགོག་སྲུང་སོགས་གནད་འགག་ཁྱབ་ཁོངས་ཀྱི་རྒྱལ་སྲུང་ནུས་པའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། ཝུའུ་ཁི་ལན་དམག་དཔུང་ནས་ཕྱིར་བུད་པའི་དམག་མི་སྤྱི་ཚོགས་ལ་གོམས་པར་རོགས་རམ་བྱེད་པ་སོགས་འདུས།

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལཱ་སི་མུའུ་སིན་གྱིས་བཤད་རྒྱུར། ཝུའུ་ཁི་ལན་གྱིས་རྒྱལ་སྲུང་དང་བདེ་འཇགས་སྡེ་ཁག་བསྐྱར་འཛུགས་བྱེད་པར་རེ་འདུན་གསལ་བོ་ཡོད་པ་དང་། ཉམས་ཉེན་ཐག་གཅོད་བྱེད་པའི་འཐབ་ཇུས་གསལ་བོ་བཏོན་ཡོད། ཁོས་ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ཡི་བཏོན་པའི་ཞི་བདེའི་འཆར་གཞི་ལ་རྒྱབ་སྐྱོར་བྱས་པ་དང་། དེ་ནི་གྲུབ་འབྲས་ཆེན་པོ་ཞིག་ཡིན་པར་བསམ་ཡོད། ལཱ་སི་མུའུ་སིན་གྱིས་ད་རུང་ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་ཞི་བདེའི་འཆར་གཞི་ལག་བསྟར་བྱེད་པར་ཆ་རྐྱེན་བསྐྲུན་དགོས་པའི་འབོད་སྐུལ་བཏང་།

བྱང་ཆིངས་རྩ་འཛུགས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་མུ་མཐུད་དུ་ཨུ་རུ་སིའི་བར་གྱི་དམག་དོན་དང་དམངས་བཀོལ་རིམ་པའི་མཉམ་ལས་མཚམས་འཇོག་རྒྱུར་འཐད་པ་བྱུང་། ལཱ་སི་མུའུ་སིན་གྱིས་བཤད་རྒྱུར། ཨུ་རུ་སི་ཡིས་རྒྱལ་སྤྱིའི་དམ་བཅའ་ཡང་བསྐྱར་ལག་བསྟར་མ་བྱས་པའི་སྔོན་ལ། བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སིའི་བར་གྱི་སྔར་ཡོད་ཀྱི་མཉམ་ལས་སླར་གསོ་བྱེད་མི་སྲིད་ཟེར།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག