མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་རྒྱལ་ཁབ་སོ་སོས་ས་ཞིང་དོ་དམ་ལ་སྔར་ལས་མཐོང་ཆེན་བྱས་ཏེ་འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-18 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱེ་འགྱུར་འགོག་བཅོས་སྤྱི་ཆིངས་ཀྱི་དྲུང་ཡིག་ཁྲུའུ་ཡི་ལག་བསྟར་དྲུང་ཡིག་ཆེན་མོ་པཱ་ཨར་པུས་ཀྱིས་ཚེས་བཅུ་བདུན་ཉིན་བསྟན་དོན། རྒྱལ་ཁབ་སོ་སོས་ས་ཞིང་དོ་དམ་ལ་སྔར་ལས་ལྷག་པར་མཐོང་ཆེན་བྱས་ཏེ། འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་ལས་བྱུང་བའི་ཤུགས་རྐྱེན་ཐག་གཅོད་བྱེད་དགོས་ཟེར།

པཱ་ཨར་པུས་ཀྱིས་ཉིན་དེར་ཝ་ཧྲིན་ཏོན་ནས་འཛམ་གླིང་ཡོངས་ཀྱི་བྱེ་འགྱུར་དང་ཐན་པ་འགོག་བཅོས་བྱེད་པའི་ཉིན་མོའི་དགའ་སྟོན་བྱ་འགུལ་སྟེང་ཞུ་ཚིག་ཕུལ། ཁོ་མོས་བཤད་རྒྱུར། ལུགས་མཐུན་གྱི་ས་ཞིང་དོ་དམ་བྱེད་ཐབས་ཁྱབ་གདལ་དུ་བཏང་སྟེ། ས་ཞིང་ཞན་འགྱུར་དང་བྱེ་འགྱུར་ལ་སྔོན་འགོག་བྱེད་པ་ནི་ཕན་ནུས་ལྡན་ཞིང་དཔལ་འབྱོར་གྱི་འགྲོ་སོང་ཉུང་བའི་སྒོ་ནས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་ཐབས་ཤིག་ཡིན་ཡང་། བྱེད་ཐབས་དེ་རིགས་ལ་མིག་སྔར་ད་རུང་རྒྱལ་ཁབ་སོ་སོས་དེ་འདྲའི་མཐོང་ཆེན་བྱེད་ཀྱིན་མེད་ཟེར།

པཱ་ཨར་པུས་ཀྱིས་བཤད་རྒྱུར། ས་ཞིང་ལ་ལུགས་མཐུན་གྱིས་དོ་དམ་བྱེད་པ་དང་ཞན་འགྱུར་སྔོན་འགོག་བྱས་ན། ལག་རྩལ་དང་མ་དངུལ་འབོར་ཆེན་གཏོང་མི་དགོས། ཨ་ཧྥེ་རི་ཁ་ནུབ་མ་ས་ཁུལ་དུ་མ་རྩ་དམའ་བའི་ཞིང་བས་ཐོན་ཁུངས་ཡང་བསྐྱར་བེད་སྤྱོད་བྱེད་པའི་བྱེད་ཐབས་བེད་སྤྱོད་བྱས་པ་བརྟེན་ནས། ལོ་རེར་ཉུང་མཐར་ཡང་ཞན་འགྱུར་བྱུང་བའི་ས་ཞིང་འབུམ་གཉིས་དང་ཁྲི་ལྔ་སླར་གསོ་ཐོབ་བཞིན་ཡོད་ཟེར།

བྱ་འགུལ་སྐབས་སུ། པཱ་ཨར་པུས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ས་ཞིང་དོ་དམ་ལ་ཤུགས་སྣོན་པ་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཁོ་ནའི་དོན་ཞིག་མ་ཡིན་པར། དར་རྒྱས་ཆེ་བའི་རྒྱལ་ཁབ་དག་གིས་ཀྱང་མཐོང་ཆེན་བྱེད་དགོས། ས་ཞིང་བྱེ་འགྱུར་ཅན་གྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་སྤྱི་ཚོགས་ཟང་ཟིང་དུ་བཏང་བར་མ་ཟད། དར་རྒྱས་ཆེ་བའི་རྒྱལ་ཁབ་དག་ལའང་ཁྲིམས་འགལ་གྱི་གནས་སྤོར་སྡོད་དམངས་ཡོང་བའི་གནད་དོན་ཉིན་རེ་བཞིན་ཚབས་ཆེན་དུ་འགྱུར་བཞིན་ཡོད།

ད་ལོའི་ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན་ནི་འཛམ་གླིང་ཡོངས་ཀྱི་བྱེ་འགྱུར་དང་ཐན་པ་འགོག་བཅོས་བྱེད་པའི་ཉིན་མོང་ཐེངས་ཉི་ཤུ་བ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ད་ལོའི་བརྗོད་སྙིང་ནི་སྐྱེ་ཁམས་མ་ལག་ལ་བརྟེན་ནས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་དགོས་ཞེས་པར་གཏན་འཁེལ་བྱས་ཡོད་ལ། དྲིལ་སྒྲོག་ཁ་གཡང་ནི་ས་ཞིང་ནི་མིའི་རིགས་ཀྱི་མ་འོངས་པ་ཡིན་པ་དང་། ས་ཞིང་ལ་ནམ་ཟླའི་གནོད་པ་མི་ཐེབས་པར་བྱེད་དགོས་ཞེས་པ་དེ་ཡིན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག