མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁི་ཝེ་ཐི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཆབ་སྲིད་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་ཏེ་སི་རི་ཡཱའི་འཁྲུག་རྩོད་ལ་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-18 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁི་ཝེ་ཐི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཅཱ་ནེ་མུའུ་ཡིས་ཚེས་བཅུ་བདུན་ཉིན་པེ་རུ་ཐི་ནས་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཆབ་སྲིད་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་ཏེ་སི་རི་ཡཱའི་ཁྲག་བཞུར་འཁྲུག་རྩོད་ལ་བཀག་འགོག་བྱེད་པ་དང་། སི་རི་ཡཱའི་ཉམས་ཉེན་དེ་རྩ་བ་ནས་ཐག་གཅོད་བྱེད་དགོས་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཅཱ་ནེ་མུའུ་ཡིས་ཉིན་དེར་ལེ་པཱ་ནུན་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་པེ་ལི་དང་ཙུང་ལི་སཱ་ལཱ་མུའུ་སོགས་དང་གྲོས་མོལ་བྱས། ཅཱ་ནེ་མུའུ་ཡིས་བཤད་རྒྱུར། སི་རི་ཡཱའི་ཡུལ་གྱར་བའི་ཉམས་ཉེན་དེ་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་ལྟ་བུ་ཞིག་ཏུ་གྱུར་ཡོད་ཅིང་། ལེ་པཱ་ནུན་ལ་དཔལ་འབྱོར་གྱི་དཀའ་ཁག་ཆེན་པོ་བཟོས་པར་མ་ཟད། ལེ་པཱ་ནུན་ལ་སྤྱི་ཚོགས་ཀྱི་འགྲན་རྩོད་ཀྱང་ཚབས་ཆེན་བསླང་ཡོད་ཟེར། ཁོས་བསྟན་དོན། ཁི་ཝེ་ཐི་ཡིས་མུ་མཐུད་དུ་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་དེ་ཐག་གཅོད་བྱེད་པའི་ཐད་ནུས་པ་འདོན་སྤེལ་བྱེད་པ་དང་། མུ་མཐུད་དུ་ཞལ་འདེབས་ཕུལ་བའི་རྒྱལ་ཁབ་ཡིན་པའི་ཆ་ནས་སི་རི་ཡཱའི་ཡུལ་གྱར་བར་སྔར་ལས་མང་བའི་རོགས་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཅཱ་ནེ་མུའུ་ཡིས་བཤད་རྒྱུར། ཁི་ཝེ་ཐི་ཡིས་ལེ་པཱ་ནུན་གཅིག་པུར་སི་རི་ཡཱའི་ཡུལ་གྱར་བ་ལས་བྱུང་བའི་དཀའ་སྡུག་མྱོང་དུ་འཇུག་མི་སྲིད་ཅིང་། གང་ནུས་ཀྱིས་ལེ་པཱ་ནུན་ལ་རོགས་སྐྱོར་བྱེད་རྒྱུ་ཡིན་ཟེར། ཞོར་དུ་ཁོས་ཨ་རབ་དང་དབྱི་སི་ལན་རྒྱལ་ཁབ་དག་གིས་ལེ་པཱ་ནུན་ལ་རོགས་སྐྱོར་བྱས་ཏེ། སི་རི་ཡཱའི་ཡུལ་གྱར་བ་མང་བོ་ཡོང་བ་ལས་བྱུང་བའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་དང་འགྲན་རྩོད་སྣ་ཚོགས་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

པེ་ལི་ཡིས་ཁི་ཝེ་ཐི་ཡིས་སི་རི་ཡཱའི་ཡུལ་གྱར་བ་སོགས་གནད་དོན་ཐད་ནས་ལེ་པཱ་ནུན་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་གཟེངས་བསྟོད་བྱས་པ་དང་། ཞོར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལེ་པཱ་ནུན་ལ་སྔར་ལས་མང་བའི་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་གྱི་མཐོ་རིམ་ཆེད་དོན་ཁང་གིས་ཚེས་བཅུ་དྲུག་ཉིན་པེ་རུ་ཐི་ནས་ཁྱབ་སྒྲོག་བྱས་དོན། ད་ལྟའི་བར་ལེ་པཱ་ནུན་དུ་ཡུལ་གྱར་བའི་ཐོབ་ཐང་འཚོལ་ཞིབ་བྱེད་དུ་ཡོང་བའི་སི་རི་ཡཱའི་མི་ས་ཡ་གཅི་དང་འབུམ་གཅིག་ལྷག་ལ་བསླེབ་ཡོད་ཟེར། ཉིན་རེ་བཞིན་ཚབས་ཆེན་དུ་འགྱུར་བཞིན་པའི་སི་རི་ཡཱའི་ཡུལ་གྱར་བའི་ཉམས་ཉེན་ཐག་གཅོད་བྱེད་ཆེད། ལེ་པཱ་ནུན་སྲིད་གཞུང་གིས་ཟླ་འདིའི་ཚེས་གཉིས་ཉིན་སི་རི་ཡཱའི་ཡུལ་གྱར་བ་རང་གི་མངའ་ཁོངས་སུ་ཡོང་བར་བཀག་འགོག་བྱེད་པ་དང་། ལེ་པཱ་ནུན་དུ་ཡོད་པའི་སི་རི་ཡཱའི་ཡུལ་གྱར་བའི་མི་གྲངས་ཚོད་འཛིན་བྱེད་པར་དམིགས་པའི་འཆར་གཞི་གསར་བ་ཞིག་ཁྱབ་སྒྲོག་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག