མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁི་ལེ་ཡིས་ཕྱོགས་བསྡུས་རང་བཞིན་གྱི་འཛམ་གླིང་ཡོངས་ཀྱི་ཐབས་ཇུས་སྤྱད་དེ་རྒྱ་མཚོར་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-17 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཙོ་སྒྲུབ་བྱས་པའི་ང་ཚོའི་རྒྱ་མཚོ་ཞེས་པའི་རྒྱལ་སྤྱིའི་གྲོས་ཚོགས་ཚེས་བཅུ་དྲུག་ཉིན་ཝ་ཧྲིན་ཏོན་ནས་ཚོགས། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་རྒྱ་མཚོ་གང་ཡིན་ཡང་ཆུའི་སྲོག་ཆགས་མང་དུ་བསད་པ་དང་། སྦགས་བཙོག་བཟོས་པ་དང་སྐྱུར་འགྱུར་བཅས་ཀྱི་གནད་དོན་ཆེན་པོ་གསུམ་ཡོད་པས། ཕྱོགས་བསྡུས་རང་བཞིན་གྱི་འཛམ་གླིང་ཡོངས་ཀྱི་ཐབས་ཇུས་སྤྱད་དེ་སའི་གོ་ལའི་སྤྱིའི་རྒྱ་ཁྱོན་གྱི་བཞི་ཆའི་གསུམ་ཟིན་པའི་རྒྱ་མཚོར་སྲུང་སྐྱོབ་བྱེད་དགོས་ཟེར།

ཁི་ལེ་ཡིས་བཤད་རྒྱུར། རྒྱ་མཚོར་སྲུང་སྐྱོབ་བྱེད་པ་ནི་མི་སྒེར་གྱི་དོན་ཞིག་མ་ཡིན་པར་རྒྱལ་ཁབ་རིམ་པའི་དོན་ཞིག་ཡིན་ལ། འཛམ་གླིང་ཡོངས་ཀྱི་ཐུན་མོང་གི་དགོས་མཁོར་གྱུར་བའི་གལ་འགངས་ཧ་ཅང་ཆེ་བའི་རྒྱལ་སྤྱིའི་བདེ་འཇགས་གནད་དོན་ཞིག་ཡིན་ཟེར། ཁོས་བཤད་རྒྱུར། ད་ལྟའི་རྒྱ་མཚོས་འཛམ་གླིང་ཡོངས་ཀྱི་བརྒྱ་ཆའི་བཅུ་གཉིས་ཀྱི་མིའི་འཚོ་བར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། ང་ཚོའི་འཚོ་སྡོད་ཀྱི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པར་གལ་འགངས་ཧ་ཅང་ཆེ། འཛམ་གླིང་ཡོངས་ཀྱི་མི་ཐེར་འབུམ་གསུམ་གྱིས་ཉ་རིགས་ནི་སྤྲི་དཀར་གྱི་འབྱུང་ཁུངས་གཙོ་བོར་བྱས་ཡོད་པར་བསམ་བློ་བཏང་ན། རྒྱ་མཚོར་སྲུང་སྐྱོབ་བྱེད་པ་དེ་ཡང་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་བྱེད་པའི་ལྡོག་མེད་ཀྱི་དགོས་མཁོ་ཞིག་ཡིན་པ་རེད་ཟེར།

ང་ཚོའི་རྒྱ་མཚོ་ཞེས་པའི་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་གཉིས་ཡིན་པ་དང་། ཀྲུང་གོ་དང་འཇར་པན། ཀྲི་ལི་སོགས་རྒྱལ་ཁབ་བརྒྱད་ཅུ་ལྷག་གི་འཐུས་མི་བཞི་བརྒྱ་ཙམ་དང་། རྒྱལ་སྤྱིའི་སྤྱི་ཚོགས་རྩ་འཛུགས་ཀྱི་མི་སྣ་གྲོས་ཚོགས་ལ་ཞུགས། ཨ་མེ་རི་ཁའི་དཔོན་རིགས་ཀྱིས་གྲོས་ཚོགས་མ་ཚོགས་གོང་བཤད་རྒྱུར། ཨ་མེ་རི་ཁས་ཐེངས་འདིའི་གྲོས་ཚོགས་ནས་ཆུའི་སྲོག་ཆགས་མང་དུ་བསད་པ་དང་། སྦགས་བཙོག་བཟོས་པ་དང་སྐྱུར་འགྱུར་བཅས་ཀྱི་གནད་དོན་ཆེན་པོ་གསུམ་གྱི་ཐད་ནས་གྲུབ་འབྲས་རབ་དང་རིམ་པ་ལོན་པར་རེ་བ་བཅངས་ཡོད་ཟེར།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག