མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝེ་ཡེ་ནཱའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་སྐོར་ཐེངས་ལྔ་བ་ཝེ་ཡེ་ནཱ་ནས་སྤེལ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-17 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲག་གིས་ཚེས་བཅུ་དྲུག་ཉིན་ཝེ་ཡེ་ནཱ་ནས་སྐོར་ཐེངས་ལྔ་བའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་སྤེལ་ཏེ། ཟླ་བདུན་པའི་ཚེས་ཉི་ཤུའི་ཉིན་གྱི་སྔོན་ལ་མཇུག་མཐའི་ཐག་གཅོད་ཇུས་གཞི་འགོད་པར་བརྩོན་ལེན་བྱས།

ཉིན་དེར། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཝེ་ཡེ་ནཱ་རུ་འབྱོར་རྗེས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན་དང་གྲོས་མོལ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ཐད་གྲོས་བསྡུར་བྱས། ཀྲ་ལི་ཧྥུའུ་ཡིས་གྲོས་མོལ་བྱས་རྗེས་གསར་འགོད་པར་བཤད་རྒྱུར། ཐེངས་འདིའི་གྲོས་ཚོགས་སྐོར་ཐེངས་སྔོན་མ་འགའི་གྲོས་མོལ་དང་གཅིག་མཚུངས་ཡིན་ཞིང་། ཉིང་རྡུལ་ནུས་པའི་གནད་དོན་ལ་དམིགས་ཏེ་གྲོས་བསྡུར་བྱས། ཐེངས་འདིའི་གྲོས་ཚོགས་ནས་གྲུབ་འབྲས་བཟང་བོ་ལོན་པར་གྲ་སྒྲིག་བྱས་ཡོད་ཟེར།

གླེང་ཕྱོགས་ཀྱིས་བལྟས་ན། དབྱི་ལིང་དང་རྒྱལ་ཁབ་དྲུག་གིས་ན་ནིང་ཟླ་བཅུ་གཅིག་པར་རི་ནེ་ཝ་ནས་བཀོད་པའི་ཐུན་མོང་འགུལ་སྐྱོད་འཆར་གཞིའི་ཡུན་ཚད་ཟླ་བདུན་པའི་ཚེས་ཉི་ཤུའི་ཉིན་ལོངས་པ་ཡིན་པས། དེའི་སྔོན་ལ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱེད་པར་གྲོས་མཐུན་འབྱུང་བར་བྲེལ་བ་ཧ་ཅང་ཆེ་བར་འདོད།

འཆར་གཞི་ལྟར་ན། དབྱི་ལིང་གིས་ཟླ་དང་པོའི་ཚེས་ཉི་ཤུའི་ཉིན་ནས་ཟླ་བདུན་པའི་ཚེས་ཉི་ཤུའི་ཉིན་བར་ཉིང་རྡུལ་ནུས་པའི་འཆར་གཞི་གཙོ་བོ་ཁག་ཅིག་མཚམས་འཇོག་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་དགོས་ངེས་ཀྱིས་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་ཇེ་ཡང་དུ་གཏོང་རྒྱུ་ཡིན་ལ། ཕྱོགས་སོ་སོས་སྐབས་ཐོག་དེར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱེད་པའི་གྲོས་མཐུན་ལ་གྲོས་བསྡུར་བྱེད་རྒྱུ་རེད།

ཐེང་འདིའི་གྲོས་མོལ་མ་སྤེལ་གོང་དབྱི་ལིང་གིས་ཨ་མེ་རི་ཁ་དང་། ཨུ་རུ་སི། ཧྥ་རན་སི། འཇར་མན་བཅས་རྒྱལ་ཁབ་བཞི་དང་གྲོས་མོལ་བྱས་པ་དང་། ཐེངས་འདིའི་གྲོས་མོལ་ཐད་ནས་སྔ་མོ་ནས་ཡིག་ཆ་བརྗེ་རེས་བྱས་པ་དང་། དབྱི་ལིང་གིས་བལྟས་ན་ཕྱོགས་གཉིས་ཀྱི་གྲོས་མོལ་དེ་ཐེངས་འདིའི་གྲོས་མོལ་ལ་གལ་འགངས་ཧ་ཅང་ཆེ་བར་འདོད།

དབྱེ་ཞིབ་མི་སྣས་བལྟས་ན། མིག་སྔར་དབྱི་ལིང་དང་ནུབ་ཕྱོགས་བར་འགལ་བ་མངོན་གསལ་ཡོད་པས། གྲོས་མཐུན་དེ་ཟླ་བདུན་པའི་ཚེས་ཉི་ཤུའི་སྔོན་ལ་འགོད་པར་དཀའ་ཁག་ཆེ་བ་དང་། ཕྱོགས་སོ་སོས་རི་ནེ་ཝའི་གྲོས་མཐུན་དེའི་ཡུན་ཚད་ཇེ་རིང་དུ་གཏོང་བར་གྲོས་བསྡུར་བྱས་ཏེ། ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པར་དུས་ཚོད་ངེས་ཅན་མཁོ་འདོན་བྱེད་ངེས་ཀྱང་སྲིད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག