མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཅོར་ཏན་གྱིས་དབྱི་རག་གི་གནས་བབ་ལ་སེམས་ཁུར་བྱེད་བཞིན་ཡོད།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-17 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན་ཀྲུའུ་ཏཱ་ཡིས་ཚེས་བཅུ་དྲུག་ཉིན་ཅོར་ཏན་གྱི་རྒྱལ་ས་ཨན་མན་ནས་བཤད་རྒྱུར། ཅོར་ཏན་གྱིས་དབྱི་རག་མངའ་ཁོངས་ཀྱི་བདེ་འཇགས་གནས་བབ་ལ་སེམས་ཁུར་བྱེད་བཞིན་ཡོད་པ་དང་། ཞོར་དུ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཆེད་ཅོར་ཏན་དམག་དཔུང་གིས་དོགས་ཟོན་མཐོར་འདེགས་བྱས་ཡོད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཀྲུའུ་ཏཱ་ཡིས་ཉིན་དེར་ནང་སྲིད་བློན་ཆེན་མཱ་ཅཱ་ལེ་ཡིས་མགོ་འཛིན་བྱས་ཏེ་བསྡུས་པའི་དམངས་གྲོས་ཁང་གི་གྲོས་ཚོགས་སྟེང་བཤད་རྒྱུར། ཅོར་ཏན་གྱིས་དབྱི་རག་གི་གནས་བབ་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པར་མ་ཟད། དབྱི་རག་གི་མིག་སྔའི་བདེ་འཇགས་དང་བརྟན་འཇགས་མིན་གནད་དོན་གལ་ཆེན་ཞིག་ཡིན་པ་ནན་བཤད་བྱས། ཁོས་བསྟན་དོན། དབྱི་རག་གི་གནད་དོན་ཐག་གཅོད་བྱེད་པ་ལ་ངེས་པར་དུ་དབྱི་རག་གི་ཆབ་སྲིད་ཕྱོགས་ཁག་སོ་སོ་ཞུགས་པ་དང་། བདེ་འཇགས་དང་འཆམ་མཐུན་ལ་ཁ་ཕྱོགས་པའི་ཆབ་སྲིད་འཕེལ་རིམ་ཞིག་གཏན་འབེབས་བྱེད་དགོས་ལ། དོན་དེར་འབད་བརྩོན་ཆེན་པོ་བྱེད་དགོས་ཟེར། ཁོས་བལྟས་ན། མིག་སྔར་དབྱི་རག་ནས་བྱུང་བའི་གནས་ཚུལ་དེ་དག་སི་རི་ཡཱའི་གནས་བབ་ཀྱི་འགྱུར་ལྡོག་དང་གཅིག་མཚུངས་རེད་ཟེར།

ཁོས་བསྟན་དོན། དབྱི་རག་རྒྱལ་ནང་གི་ཐལ་སྤྱོད་རྩ་འཛུགས་དབྱི་རག་དང་ལོས་ཧྥན་ཐི་དབྱེ་སི་ལན་རྒྱལ་ཁབ་ཅེས་པས་དབྱི་རག་བྱང་ཕྱོགས་ཀྱི་རྡོ་སྣུམ་ཐོན་སའི་གྲོང་ཁྱེར་གཙོ་བོ་མའོ་སུའུ་ཨར་ལ་དཔུང་འཇུག་བྱས་ནས་བཙན་བཟུང་བྱས་པ་དང་། གནས་དེར་ཁོ་ཚོས་དྲག་སྤྱོད་གང་འདོད་དུ་སྤེལ་བཞིན་ཡོད། ཅོར་ཏན་གྱིས་ལོ་ངོ་གཉིས་ལྷག་གི་སྔོན་ནས་ཆོས་ལུགས་ཕྱོགས་ཁག་བར་གྱི་འཁྲུག་རྩོད་ནི་ཐལ་སྤྱོད་རིང་ལུགས་དང་འཇིགས་སྐུལ་རིང་ལུགས་ཀྱི་དར་སའི་གཤིན་ས་ལྟ་བུ་ཡིན་པའི་ཉེན་བརྡ་བཏང་མྱོང་ཟེར། ཁོས་བཤད་རྒྱུར། ཅོར་ཏན་དྲག་ཆས་དམག་དཔུང་དང་བདེ་འཇགས་དམག་དཔུང་གིས་མཐའ་མཚམས་ཕྱོགས་ཡོངས་ནས་ཚོད་འཛིན་དང་ཅོར་ཏན་ལ་སྲུང་སྐྱོབ་བྱེད་པར་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར།   །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག