མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཛམ་གླིང་ཤུལ་བཞག་ཚོགས་ཆེན་སྐབས་སོ་བརྒྱད་པ་ཚོགས་མགོ་བརྩམས།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-16 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་ཤུལ་བཞག་ཚོགས་ཆེན་སྐབས་སོ་བརྒྱད་པ་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་ནས་ཚོགས་མགོ་བརྩམས། ཚོགས་ཆེན་ནས་ཤུལ་བཞག་སྙན་ཞུའི་ལས་གཞི་བཞི་བཅུ་ལ་གྲོས་ཞིབ་བྱེད་རྒྱུ་ཡིན་པ་དང་། ཉེན་ཁར་གནས་པའི་འཛམ་གླིང་རང་བཞིན་གྱི་ཤུལ་བཞག་གི་སྲུང་སྐྱོབ་ཐབས་ཇུས་ལ་ཤུགས་སྣོན་བྱེད་པར་གྲོས་བསྡུར་བྱེད་རྒྱུ་ཡིན་ལ། རིམ་པ་སོ་སོའི་རང་བྱུང་དང་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པའི་མ་དངུལ་ཁག་ཐེག་དངོས་འབེབ་བྱེད་པར་ཞིབ་འཇུག་བྱེད་རྒྱུ་ཡིན་པ་དང་། མིའི་རིགས་ཀྱི་བྱ་སྤྱོད་དང་རང་བྱུང་ཁམས་ཆེན་མོ་དང་མིའི་རིགས་ཀྱི་རིག་གནས་ལ་སྲུང་སྐྱོབ་བྱེད་པའི་མཛའ་མཐུན་ཅན་གྱི་རྣམ་པར་གྲོས་བསྡུར་བྱེད་རྒྱུ་རེད།

སྐབས་འདིའི་ཚོགས་ཆེན་གྱི་གཙོ་སྒྲུབ་རྒྱལ་ཁབ་ཁཱ་ཐར་གྱི་དབུ་བཞུགས་བློན་ཆེན་དང་ནང་སྲིད་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ནཱ་སེ་ཨར་གྱིས་མགོ་རྩོམ་པའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ཏེ། ཁོངས་གཏོགས་རྒྱལ་ཁབ་སོ་སོས་འཛམ་གླིང་ཤུལ་བཞག་གི་སྲུང་སྐྱོབ་ལ་མཐོང་ཆེན་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཁཱ་ཐར་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ལ་ཨ་སྒོར་བྱེ་བ་གཅིག་འདོན་སྤྲོད་བྱས་ཏེ་འཛམ་གླིང་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་བྱེད་རྒྱུ་ཁྱབ་སྒྲོག་བྱས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཚོགས་ཆེན་སྐབས་སོ་བདུན་པའི་ཀྲུའུ་ཞི། ཀྲུང་གོའི་སློབ་གསོ་པུའུ་ཡི་པུའུ་ཀྲང་གཞོན་པ་ཧའོ་ཕེན་གྱིས་ཀྱང་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ཏེ། ཁོངས་གཏོགས་རྒྱལ་ཁབ་སོ་སོས་བསམ་ཚུལ་མི་འདྲ་བར་ཉན་པ་དང་། ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་བྱས་ནས། འཛམ་གླིང་ཤུལ་བཞག་གི་སྲུང་སྐྱོབ་བྱ་བར་མཐོང་ཆེན་བྱེད་དགོས་པ་དང་། ཁྱད་པར་དུ་ན་གཞོན་རྣམས་ཀྱི་སློབ་གསོ་ལ་ཤུགས་སྣོན་བྱས་ཤིང་། ཁོ་ཚོར་འཛམ་གླིང་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཆགས་སུ་བཅུག་སྟེ། ཤུལ་བཞག་སྲུང་སྐྱོབ་དང་རིག་གནས་འཕེལ་རྒྱས་གཉིས་ཟུང་འབྲེལ་བྱེད་དགོས་པའི་འབོད་སྐུལ་བཏང་།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག