མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་བཅུ་བཞི་ལོའི་སྐོར་ཐེངས་གཉིས་པའི་ནམ་ཟླའི་གྲོས་མོལ་མཇུག་སྒྲིལ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-16 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་བཅུ་བཞི་ལོའི་ནམ་ཟླའི་གྲོས་མོལ་སྐོར་ཐེངས་གཉིས་པ་ཚེས་བཅོ་ལྔ་ཉིན་འཇར་མན་གྱི་པའོ་ཨིན་ནས་མཇུག་སྒྲིལ། གཟའ་འཁོར་གཉིས་ལ་གྲོས་བསྡུར་བྱས་པ་བརྒྱུད། ཕྱོགས་སོ་སོས་ནམ་ཟླའི་འགྱུར་ལྡོག་གི་གྲོས་མཐུན་གསར་བའི་ཐད་ནས་མུ་མཐུད་དུ་ལྟ་ཚུལ་གཅིག་གྱུར་བྱས་ཀྱང་། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་དྲོད་རླངས་དང་བཙོག་ཆུ་ཉུང་འདོན་གྱི་དམིགས་ཚད་ཇེ་མཐོར་གཏོང་བ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་མ་དངུལ་དང་ལག་རྩལ་གྱིས་རྒྱབ་སྐྱོར་བྱེད་པ་སོགས་དངོས་འབེབ་བྱེད་དགོས།

སྐོར་ཐེངས་འདིའི་གྲོས་མོལ་ནི་ཟླ་དྲུག་པའི་ཚེས་བཞི་ཉིན་ནས་མགོ་བརྩམས་པ་དང་། གཙོ་བོ་ཉིས་སྟོང་བཅོ་ལྔ་ལོར་གྲོས་མཐུན་འགོད་པར་ཐག་བཅད་པའི་ནམ་ཟླའི་འགྱུར་ལྡོག་གི་གྲོས་མཐུན་གསར་བ་དང་། ཕྱོགས་སོ་སོས་ཉིས་སྟོང་ཉི་ཤུ་ལོའི་རྗེས་སུ་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པར་འཇོག་དགོས་པའི་བྱས་རྗེས། དེ་མིན་ཉིས་སྟོང་ཉི་ཤུ་ལོའི་སྔོན་གྱི་འགུལ་སྐྱོད་ཤུགས་ཚད་སོགས་གྲོས་གཞིར་འབྲེལ་ཡོད། བསྡོམས་པས་རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་གྱ་གཉིས་ནས་ཡོང་བའི་འཐུས་མི་སྟོང་གཅིག་དང་དགུ་བརྒྱ་ཙམ་གྲོས་མོལ་ལ་ཞུགས།

དེའི་སྔོན་གྱི་སྐོར་ཐེངས་འགའི་གྲོས་མོལ་ལ་སྤྱད་པའི་དངོས་གཞི་མིན་པའི་གྲོས་མོལ་དང་སྒོར་ཅོག་གྲོས་ཚོགས། ཞིབ་བསྡུར་ཚོགས་འདུ་སོགས་ཀྱི་རྣམ་པ་དང་བསྡུར་ན་ཐེངས་འདིའི་གྲོས་མོལ་ནས་ནམ་ཟླའི་འགྱུར་ལྡོག་གི་གྲོས་མཐུན་གསར་བའི་གྲོས་མོལ་ལ་དམིགས་ཏེ་དངོས་གཞིའི་གྲོས་མོལ་གྱི་རྣམ་པར་བརྟེན་ནས། གྲོས་མཐུན་གསར་བའི་གྲོས་མོལ་ཇུས་གཞིའི་རྒྱུ་རྐྱེན་དང་། ནང་དོན། སྒྲིག་གཞི། བཅའ་ཁྲིམས་རྣམ་པ་སོགས་བྱེ་བྲག་གི་གནད་དོན་ལ་གྲོས་བསྡུར་བྱས།

འཆར་གཞི་ལྟར་ན། ཕྱོགས་སོ་སོས་ད་ལོའི་ལོ་མཇུག་གི་ལེ་མཱ་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་གྱི་སྔོན་ལ་གྲོས་མཐུན་གསར་བའི་རྒྱུ་རྐྱེན་ལ་གྲོས་ཞིབ་བྱེད་དགོས་པ་དང་། ཉིས་སྟོང་བཅོ་ལྔ་ལོའི་ཟླ་ལྔ་བའི་སྔོན་གྲོས་མོལ་ཇུས་གཞི་བཏོན་ནས། གྲོས་མཐུན་གསར་བ་དེར་ཉིས་སྟོང་བཅོ་ལྔ་ལོའི་ཕཱ་རེ་སིའི་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་སྟེང་གྲོས་མཐུན་འགོད་དུ་བཅུག་སྟེ། ཉིས་སྟོང་ཉི་ཤུ་ལོའི་རྗེས་ཀྱི་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ལ་བཀོད་སྒྲིག་བྱེད་རྒྱུ་རེད།

ཉིས་སྟོང་ཉི་ཤུ་ལོའི་སྔོན་གྱི་འགུལ་སྐྱོད་ཤུགས་ཚད་སྐོར་ལ་གྲོས་བསྡུར་བྱེད་སྐབས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མུ་མཐུད་དུ་དར་རྒྱས་ཆེ་བའི་རྒྱལ་ཁབ་དག་གིས་ཅིན་ཏུའུ་གྲོས་ཆོད་ཡི་གེའི་ཁས་ལེན་དུས་རིམ་གཉིས་པའི་དྲོད་རླངས་དང་བཙོག་ཆུ་ཉུང་འདོན་གྱི་དམིགས་ཚད་ཇེ་མཐོར་གཏོང་དགོས་པའི་སྐུལ་མ་བཏང་བར་མ་ཟད། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མ་དངུལ་དང་ལག་རྩལ་གྱི་རྒྱབ་སྐྱོར་ལ་ཤུགས་སྣོན་བྱེད་དགོས་པའི་རེ་བ་བཏོན། གནད་དོན་དེ་དག་ལ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ཁས་ལེན་གསལ་བོ་ཐོབ་མེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག