མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕེའོ་ཅིན་ཧོས་ཀྱིས་ཨེ་ཤ་ཡཱ་དབུས་མའི་འགྲུལ་བཞུད་མགོ་བརྩམས་པ་དང་ཐོན་ཁུངས་ཕྱི་འབྲེལ་ལ་བརྟེན་ནས་ཕྱོགས་གཉིས་ཀྱི་མཉམ་ལས་རྒྱ་བསྐྱེད་འདོད་ཡོད།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-16 11:11

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར། ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་དུས་ཡུན་ཉིན་དྲུག་གི་ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་གསུམ་གྱི་འགྲུལ་བཞུད་མགོ་བརྩམས། ཕེའོ་ཅིན་ཧོས་ཀྱི་ཐེངས་འདིར་འཚམས་འདྲི་བྱེད་སའི་རྒྱལ་ཁབ་གསུམ་ནི་སོ་སོར་ཝུའུ་ཙི་པེ་ཁི་སི་ཐན་དང་། ཧཱ་སག་སི་ཐན། ཐུའུ་ཁུའུ་མན་སི་ཐན་བཅས་ཡིན།

བསྒྲགས་པའི་གནས་ཚུལ་ལྟར་ན། ཕེའོ་ཅིན་ཧོས་ཀྱི་ཐེངས་འདིའི་འཚམས་འདྲིའི་དམིགས་ཡུལ་གཙོ་བོ་ནི་ཐོན་ཁུངས་ཕྱི་འབྲེལ་སོགས་ལ་བརྟེན་ནས་ཕྱོགས་གཉིས་ཀྱི་དཔལ་འབྱོར་མཉམ་ལས་རྒྱ་བསྐྱེད་པའི་ཆེད་དུ་ཡིན་ལ། དེ་ལས་ཀྱང་དོ་སྣང་བྱེད་དགོས་པ་ཞིག་ནི་ཐེངས་འདི་ནི་ཧན་གོའི་ཙུང་ཐུང་གིས་ཐོག་དང་པོར་ཐུའུ་ཁུའུ་མན་སི་ཐན་ལ་འཚམས་འདྲི་བྱས་པ་རེད།

ཧན་གོའི་ཕྱི་འབྲེལ་བདེ་སྲུང་གི་དབུ་བཞུགས་དྲུང་ཡིག་ཆེན་མོ་ཀྲུའུ་ཐིས་ཅི་ཡིས་ཚེས་བཅོ་ལྔ་ཉིན་བསྟན་དོན། ཕེའོ་ཅིན་ཧོས་ཀྱིས་ཐེངས་འདིའི་འཚམས་འདྲིའི་སྐབས་སུ་རྒྱལ་ཁབ་གསུམ་གྱི་ཙུང་ཐུང་དང་མཉམ་དུ་མཉམ་ལས་ཀྱི་ཆོད་སེམས་བསྐྱར་སྒྲོག་བྱས་ཏེ། ཧན་གོ་དང་ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་གསུམ་གྱི་ནུས་ཁུངས་དང་། རྨང་གཞིའི་སྒྲིག་ཆས་ཁྱབ་ཁོངས་ཀྱི་གཞི་རྒྱ་ཆེ་བའི་མཉམ་ལས་བདེ་བླག་ངང་སྤེལ་རྒྱུ་རེད། དེ་ལས་གཞན་ཕེའོ་ཅིན་ཧོས་ཀྱིས་ཕྱོགས་གཉིས་ཀྱི་རྨང་གཞིའི་སྒྲིག་ཆས་དང་། ཡང་བསྐྱར་བེད་སྤྱད་ཆོག་པའི་ནུས་ཁུངས། འཕྲིན་གཏོང་། ནགས་ཚལ། ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་མང་བོའི་མཉམ་ལས་ལ་ཡར་སྐུལ་བྱས་ཏེ། དཔལ་འབྱོར་གྱི་གསོན་ཤུགས་གསར་བ་འཚོལ་བྱས་ནས་བྱེ་བྲག་གི་གྲུབ་འབྲས་རབ་དང་རིམ་པ་བརྩོན་ལེན་བྱེད་རྒྱུ་རེད།

ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་དག་ལ་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་ཀྱང་། མ་དངུལ་དང་ལག་རྩལ་ལྟོས་བཅས་ཀྱིས་ཅུང་དཀོན་པས། སྣེ་མང་ཅན་གྱི་མཉམ་ལས་གྲོགས་པོ་འཚོལ་བར་རེ་བས་ཁེངས་ཡོད། ཧན་གོའི་ཆིན་ཝ་ཐེའི་འབྲེལ་ཡོད་མི་སྣས་བསྟན་དོན། ཧན་གོའི་ཕྱོགས་ཀྱིས་རྒྱལ་ཁབ་དེ་གསུམ་གྱི་མགོ་གཙོ་དང་གྲོས་མོལ་བྱས་ཏེ། གཙོ་བོ་ཧན་གོའི་ཁེ་ལས་ཀྱིས་རྒྱལ་ཁབ་དེ་དག་ཏུ་ལས་གཞི་སྤེལ་བའི་གནད་དོན་ལ་གྲོས་བསྡུར་བྱེད་པའི་འཆར་གཞི་ཡོད་ཟེར།   །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག