མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོར་བརྩེ་དུང་ཟབ་པའི་དབྱི་ཐ་ལི་བ། དབྱི་ཐ་ལིའི་རྒྱ་རིག་པ་མཁས་ཅན་ཅ་དབྱི་ཧྭ་ལ་བཅར་འདྲི་ཞུས་པའི་སྐོར་བཀོད་པ།

རྩོམ་པ་པོ། ཧྲེ་ཁེ་ཏུང་གིས།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-06-16 10:36

    མཁྱེན་ལྡན་མ་ཤིའར་ཝུའེ་ཡ·ཁ་ལ་མན་ཏེ་ལུའེ་ནི་དབྱི་ཐ་ལི་བ་འཁྲུལ་མེད་ཅིག་ཡིན་རུང།ཁོང་ལ་གོ་དོན་ཟབ་མོ་ལྡན་པའི་ཀྲུང་གོའི་མིང་ཞིག་ཡོད་པ་སྟེ་ཅ་དབྱི་ཧྭ་ཟེར།དབྱི་ཐ་ལིའི་གྲགས་ཅན་རྒུན་འབྲུམ་ཨ་རག་ཐོན་ཡུལ་མོང་ཐའེ་ཕུའར་ཆ་ནུའོ་གྲོང་ཁྱེར་དུ་ཁོང་གིས་པི་ས་ཁུང་ཙེ་སློབ་གླིང་དང་མཉམ་ལས་གནང་སྟེ་འཚོགས་པའི་ཀྲུང་གོ་དང་དབྱི་ཐ་ལིའི་རྒྱལ་སྤྱིའི་ཆང་རག་རིག་གནས་ཞིབ་བསྡུར་ཚོགས་འདུའི་ཐོག་ནས་ཅ་དབྱི་ཧྭ་དང་ཐོག་མར་ཐུག་འཕྲད་བྱུང་།དགུང་ལོ་དྲུག་ཅུ་ལྷག་ཙམ་དུ་ཕེབས་པའི་ཁོང་གིས་ང་ཚོར་རྒྱ་སྐད་ཆུ་རྒྱུག་རྒྱུག་བསྐྱོན་པའི་ཐོག་ནས་ཁོང་ཁྱིམ་གྱི་མི་རབས་གསུམ་དང་ཀྲུང་གོའི་དབར་བརྩེ་སེམས་ཟབ་མོ་ལྡན་ལུགས་ཞིབ་པར་གསུངས་བྱུང་།

    1953ལོར་ལོ་དྲུག་ལ་སླེབས་པའི་ཅ་དབྱི་ཧྭ་ཕ་མ་དང་མཉམ་དུ་ཀྲུང་གོར་ཐོག་མར་ཡོང་།ཨ་ཕ་ཕུའུ་ལང་ཁོའོ·ཁ་ལ་མན་ཏེ་ལུའེ་ནི་དབྱི་ཐ་ལི་གུང་ཁྲན་ཏང་ལས་ཁུངས་ཚགས་པར《མཐུན་སྒྲིལ་ཚགས་པར》གྱི་ཀྲུང་གོར་བཅའ་སྡོད་གསར་འགོད་པ་ཞིག་དང་ཨ་མ་ནི་དབྱི་ཐ་ལིའི་ཚགས་པར་དང་དུས་དེབ་ཁག་གཅིག་གིས་ཆེད་མངགས་གདན་ཞུ་བྱས་པའི་རྩོམ་ཡིག་མཁོ་འདོན་པ་ཞིག་རེད།སྐབས་འདིར་ཁོང་ཚོ་ནང་མི་གསུམ་པོ་ཏུང་ཏན་རྨི་ཧྲེ་ཁྲོམ་གཞུང་གི་བྱང་ཕྱོགས་མགྲོན་ཁང་དུ་བཞུགས་ཀྱི་ཡོད།

    པེ་ཅིང་དུ་འཚོ་བ་ལོ་གསུམ་ཁོ་ན་ལས་བསྐྱལ་མེད་རུང་ལོ་ན་ཕྲ་བའི་ཅ་དབྱི་ཧྭ་ཡི་སེམས་ནང་ཚེ་གང་བརྗེད་པར་དཀའ་བའི་བག་ཆགས་ཆེན་པོ་ཞིག་བྱུང་ཞིང་།ཆུང་བྱིས་པའི་དུས་སུ་ཀྲུང་གོའི་གྲོགས་པོ་ཆུང་ཆུང་ཚོ་དང་སྤྲོ་བ་དཔག་མེད་ངང་རྩེད་མོ་རྩེ་བ་དང་དེ་བཞིན་རྒན་ལགས་ཀྱིས་ཅ་དབྱི་ཧྭ་ཞེས་པའི་ཀྲུང་གོའི་མིང་ཞིག་གནང་བ་ད་ལྟའང་ཁོང་གི་ཡིད་ལ་གསལ་ལེར་འཁོར།ཁོང་གིས་སྤོབས་པ་ཆེ་ཤོས་གནང་བ་ནི་ཀྲུང་གོའི་ལོ་ཆུང་བྱིས་པའི་གདོང་ལེན་རུ་ཁག་ནང་ཞུགས་པ་དེ་ཡིན།སྐབས་དེར་ཧྲེ་ཅ་སྲང་ལམ་སློབ་ཆུང་དུ་ཕྱི་རྒྱལ་གྱི་སློབ་ཕྲུག་ཁོང་གཅིག་པུ་ལས་མེད།གདོང་ལེན་རུ་མི་ཚོས་རུ་སྒྲིག་པ་མཐོང་སྐབས་ཁོང་གིས་ཡིད་སྨོན་ཆེན་པོ་བྱེད་པ་དང་སྦྲགས་ངེས་པར་དུ་སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་བྱས་ནས་ལོ་ཆུང་གདོང་ལེན་རུ་མི་ཞིག་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཞིག་ཀྱང་བཙུགས།

    1956ལོར་ཨ་ཕ་ལས་གནས་ནས་བྲལ་དགོས་བྱུང་བའི་རྐྱེན་གྱིས་པེ་ཅིང་ནས་བྲལ་འདོད་གཏན་ནས་མེད་པའི་ཅ་དབྱི་ཧྭ་ཐབས་ཤེས་མེད་པར་ཕ་མ་གཉིས་དང་མཉམ་དུ་དབྱི་ཐ་ལིར་ཕྱིར་ལོག་བྱེད་དགོས་བྱུང་།མཐོ་རིམ་སློབ་འབྲིང་ཐོན་རྗེས་ཁོང་གིས་རོ་མའི་དབུས་ཤར་རྒྱང་ཤར་སློབ་གླིང་དུ་ཀྲུང་གོའི་རིགས་གནས་སློབ་སྦྱོང་གནང་བར་ཕེབས་པ་དང་1974ལོར་ཀྲུང་གོར་སླར་ཡང་ཕེབས་ནས་པེ་ཅིང་སྐད་ཡིག་སློབ་གླིང་དུ་ཟབ་སྦྱོང་གནང་།དེ་རྗེས་ཁོང་གིས་ཀྲུང་གོའི་བརྩམས་ཆོས་ཡིག་སྒྱུར་གནང་འགོ་བཙུགས།1992ལོར་ཅ་དབྱི་ཧྭ་ཡིས་བྲིས་གནང་བའི《“རིག་གནས་གསར་བརྗེ་ཆེན་པོ”ཡི་ལོ་ཟླའི་ཁྲོད་ཀྱི་ཨ་ལི་སི།ཁྱད་མཚར་བ་ལ་ཨང་།དེ་འདྲའི་ཁྱད་མཚར་བ་ལ་ཨང》ཞེས་འགོ་བརྗོད་དུ་འཁོད་པའི་རྩོམ་ཡིག་རིང་གྲས་ཤིག་ནང་ཁོང་གིས་རྒྱུས་མངའ་ཆེ་བའི་དབྱང་ཅང་དང་དེའི་བརྩམས་ཆོས་ངོ་སྤྲོད་གནང་ཡོད།དེ་རྗེས་དབྱང་ཅང་གི་ལྷུག་རྩོམ་འགའ་ཞིག་ཡིག་སྒྱུར་གནང་བ་དང་2008ལོར་དབྱང་ཅང་གི་བརྩམས་ཆོས་གསར་པ《མི་ཚེའི་མཐའ་རུ་སླེབས་པ》ཅེས་པའི“གླེང་གཞི”དང་ལིའུ་དང་པོ་བསྒྱུར།དབྱང་ཅང་གི་བརྩམས་ཆོས་ཡིག་སྒྱུར་བྱ་ཆེད།ཅ་དབྱི་ཧྭ་ཡིས་1992ལོ་ནས་བཟུང་དབྱང་ཅང་དང་འཕྲིན་ཡིག་བརྒྱུད་འབྲེལ་བ་གནང་བ་དང་འཕྲིན་ཡིག་དེ་དག་ནོར་བུ་བཞིན་དུ་ཉར་ཚགས་གནང་ཡོད།2011ལོར་ཁོང་གིས་པེ་ཅིང་དུ་ཆེད་མངགས་ཕེབས་ནས་དགུང་ལོ་བརྒྱ་ལྷག་ཙམ་དུ་ཕེབས་པའི་དབྱང་ཅང་མཇལ་བར་བཅར།

    ད་ལྟ་ཅ་དབྱི་ཧྭ་ཡིས་མོང་ཐའེ་ཕུའར་ཆ་ནུའོ་གྲོང་ཁྱེར་དཔེ་དེབ་ཡིག་ཚགས་ཁང་གི་ཀོན་ཀྲང་གི་འགན་བཞེས་པ་དང་དཔེ་དེབ་ཡིག་ཚགས་ཁང་དེ་ནི་ཁོང་གི་སྤོ་བོའི་མིང་ནས་བཏགས་པ་ཞིག་རེད།ཁོང་གི་སྤོ་བོ་ནི་ཧྥ་ཤི་སིར་ངོ་རྒོལ་བྱེད་མཁན་འཐབ་འཛིང་པ་ཞིག་དང་དེ་བཞིན་དབྱི་ཐ་ལིར་སྐད་གྲགས་ཡོད་པའི་ཁྲིམས་རིག་མཁས་ཅན་དང་འབུ་སྲིན་རིག་པའི་དགེ་རྒན་ཆེ་མོ་བ་ཞིག་རེད།

    ཀྲུང་གོ་ནས་ཕྱིར་ལོག་གནང་རྗེས་ཁོང་གི་སྤོ་བོས་ཁོང་གིས་གཉེར་བའི《ཟམ་པ》ཞེས་པའི་དུས་དེབ་ཐོག《དེང་དུས་ཀྲུང་གོ》ཞེས་པའི་ཆེད་བསྒྲིགས་ཞིག་བཏོན་པ་དང་ཆེད་འདོན་དུས་དེབ་དེའི་ཁ་ཤོག་ཐོག་ཀྲུང་གོ་མཚོན་པའི་འབྲུག་གཅིག་དང་འཕུར་འགྲོ་བའི་ཕྱེ་མ་ལེབ་ཅིག་བཀོད་ཡོད།ཁོང་གི་སྤོ་བོས་འབྲུག་དེ་ལས་སྟོབས་ཤུགས་མཚོན་པ་དང་ཕྱེ་མ་ལེབ་ལས་སྙན་ཞིང་འཇེབས་པ་དང་རང་དབང་མཚོན་པའི་ངོས་འཛིན།དེ་ནི་ཀྲུང་གོར་ཐོག་མར་ཕེབས་སྐབས་ཁོང་ལ་བྱུང་བའི་བག་ཆགས་ཤིག་རེད།

    ཅ་དབྱི་ཧྭ་ཡི་ཨ་ཕ་པེ་ཅིང་ནས་བྲལ་ཏེ་རང་རྒྱལ་ཁབ་ཏུ་ཕྱིར་ལོག་གནང་རྗེས་ཆབ་སྲིད་ལས་རིགས་སུ་ཞུགས་འགོ་ཚུགས་ནས་དབྱི་ཐ་ལིའི་གུང་ཁྲན་ཏང་གི་གྲོས་མི་ཞིག་ཏུ་གྱུར།ཀྲུང་གོར་བཞུགས་རིང་གི་འཚོ་བ་དྲན་པའི་དབང་གིས་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པར་ཅ་དབྱི་ཧྭ་ཡི་ཨ་མས་ཀྲུང་གོར་ཕེབས་ནས་སྔོན་མ་བཞུགས་ཡུལ་དུ་ལྟ་བར་བསྐྱར་དུ་ཕེབས།ཅ་དབྱི་ཧྭ་ཡིས་ཨ་མར་ལེགས་སྒྲིག་བྱེད་རོགས་ཞུས་ནས་པར་དུ་བསྐྲུན་པའི་རང་གི་ལོ་རྒྱུས་ཞེས་པའི་ནང་སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་ཀྱི་ཀྲུང་གོར་བསྔགས་བརྗོད་གནང་ལུགས་ཞིབ་པར་བཀོད་ཡོད་པ་རེད།

    ད་ཆ་ཅ་དབྱི་ཧྭ་དབྱི་ཐ་ལིའི་སློབ་ཆེན་ཁག་གི་གདན་ཞུས་ལྟར་ཀྲུང་གོའི་གནས་ཚུལ་ངོ་སྤྲོད་གནང་བར་ཕེབས་པ་དང་འབྲེལ་ཀྲུང་དབྱིའི་རིག་གནས་སྤེལ་རེས་བྱེད་སྒོ་སྣ་ཚོགས་ནང་ཞུགས་ཀྱི་ཡོད།ཁོང་གི་སྤོ་བོས་གསར་རྩོམ་གནང་བའི་འབྲུག་དང་ཕྱེ་མ་ལེབ་གཉིས་ཁོང་གིས་སྒྲིག་འཛུགས་གནང་བའི་བྱེད་སྒོའི་མཚོན་རྟགས་ཤིག་ཏུ་གྱུར་ཡོད།ཅ་དབྱི་ཧྭ་ཕྱག་ལས་གནང་སའི་དཔེ་དེབ་ཡིག་ཚགས་ཁང་དུ་རྒྱ་རིག་པའི་དཔེ་དེབ་ལྟ་ཀློག་བྱེད་ཁུལ་ཞིག་ཡོད་ཅིང་།དེར་མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བསྡུས་དང་།ལུའུ་ཤུན་གྱི་དཔེ་དེབ་ཆ་ཚང་།མོ་ཡན་གྱི་བརྩམས་སྒྲུང་ལ་སོགས་སྒྲིག་གཤོམ་བྱས་ཡོད།ཁོང་གིས་དཔེ་དེབ་དང་པར་རིས་མང་པོ་ཞིག་ནི་སྤོ་བོ་དང་ཕ་མ་གཉིས་ཀྱིས་གནང་བྱུང་ཞེས་གསུངས་ཀྱི་འདུག

    པེ་ཅིང་གི་སྲང་ལམ་དུ་རྩེད་འཇོར་རོལ་བའི་ཕྲུ་གུ་ཞིག་ནས་དབྱི་ཐ་ལིའི་གཞོན་ནུ་ཚོར་ཀྲུང་གོའི་འགྱུར་ལྡོག་བརྗོད་མཁན་ཞིག་ཏུ་གྱུར་པའི་རྒྱ་རིག་པ་མཁས་ཅན་ཅ་དབྱི་ཧྭ་ཡིས་སླད་ཕྱིན་ཀྲུང་དབྱིའི་རིག་གནས་སྤེལ་རེས་བྱ་ཕྱིར་སྟོབས་ཤུགས་སྔར་བས་ཆེ་བ་ལེགས་སྐྱེས་སུ་འབུལ་རྒྱུ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག