མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པ་མའི“རྡོ་སོལ་གྱི་དམག་འཁྲུག”དེ་ཡུན་རིང་རྒྱག་དགོས་པ།

རྩོམ་པ་པོ། ལིན་ཞའོ་ཁྲུན་  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  2014-06-16 10:36

    འཛམ་གླིང་ཁོར་ཡུག་སྲུང་གི་སྐྱོང་ཉིན་མོ་འཆར་ལ་ཉེ་བའི་དུས་སུ་ཨོ་པ་མ་སྲིད་གཞུང་གིས་གློག་ཁང་ལ་དམིགས་པའི་བཙོག་སྐྱོན་ཉུང་གཏོང་གི་འཆར་གཞི་ཞིག་ཁྱབ་བསྒྲགས་བྱས་པ་རེད།དེར་ཨ་རིའི་རྒྱལ་ནང་གི་ངོ་རྒོལ་པས་ཨོ་པ་མའི“རྡོ་སོལ་གྱི་དམག་འཁྲུག”ཅེས་བརྗོད་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གནམ་གཤིས་ཀྱི་འགྱུར་བར་ཁ་གཏད་གཅོག་པའི་ཐད་འཛམ་གླིང་ཡོངས་ཀྱིས་འབད་བརྩོན་བྱེད་བཞིན་ཡོད་ཅིང་།དེའི་ཐད་ཨ་རིས་འབད་འབུངས་བྱེད་ཤུགས་གཏན་ནས་འདང་གི་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

    གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པའི་ལས་དོན་ལ་ཨ་རིའི་རྡོ་སོལ་ལས་རིགས་དང་རྡོ་སོལ་ཐོན་སྐྱེད་ཀྲོའུ་ཡིས་ངོ་རྒོལ་ཆེན་པོ་བྱེད་ཀྱི་ཡོད།ཡིན་ནའང་ཐཱན་འབུད་ཚད་ཨ་རིའི་ཐཱན་འབུད་བསྡོམས་གྲངས་ཀྱི་40%ཡན་བཟུང་བའི་གློག་ཁང་ནི་ཐཱན་འབུད་མཁན“དུད་ཚང་ཆེ་ཤོས”ཤིག་རེད་ལ་བཙོན་སྐྱོན་ཉུང་གཏོང་གནད་དོན་གྱི་ནང་དོན་གཙོ་བོ་ཞིག་ཀྱང་རེད།དེས་ན་ཨོ་པ་མས་སྲིད་འཛིན་བྱ་ཐབས་བརྒྱུད་རྒྱལ་ཚོགས་གཡོལ་ནས་ནུས་རྒྱུ་གཙང་མའི་གློག་འདོན་འཆར་གཞི་ཞིག་བཏོན་པའི་ནང་2030ལོའི་གོང་དུ་ཨ་རིའི་ད་ཡོད་གློག་ཁང་གི་ཐཱན་འབུད་ཚད་2005ལོའི་ཆུ་ཚད་ལས་30%དམའ་རུ་གཏོང་རྒྱུའི་གྲོས་འགོ་ཞིག་བཏོན་ཡོད་ཅིང་།དེ་ཐོག་ནས་བཙོག་སྐྱོན་ཉུང་གཏོང་གནད་དོན་ཐད་ཀྱི་ཨོ་པ་མའི་ཆོད་སེམས་མཚོན་གྱི་ཡོད་ཅིང་།དེའང་ཁོང་གིས“གནམ་གཤིས་ཆབ་སྲིད་ཤུལ་བཞག”འཇོག་ཕྱིར་མཐའ་མའི་འཐབ་རྩོད་བགྱིས་པ་ཞིག་ཀྱང་རེད།

    དར་རྒྱས་ཆེ་བའི་རྒྱལ་ཁབ་ཆེ་ཤོས་དང་ཐཱན་འབུད་ཚད་མཐོ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པའི་ཨ་རིའི་བྱ་སྤྱོད་དེ་ནི་ཁས་ལེན་བྱེད་འོས་པ་དང་བསྔགས་བརྗོད་བྱེད་འོས་པ་ཞིག་རེད།འདས་ཟིན་པའི་ལོ་ཉི་ཤུ་ལྷག་ཙམ་རིང་གནམ་གཤིས་ཀྱི་འགྱུར་བར་ཁ་གཏོད་གཅོག་པ་དང་དེ་བཞིན་རྒྱལ་སྤྱིའི་གནམ་གཤིས་སྐོར་གྲོས་མོལ་བྱེད་པའི་ནང་ཨ་རིའི་བྱ་སྤྱོད་དེ་ཨ་རིའི་དཔལ་འབྱོར་དང་ལག་རྩལ་གྱི་སྟོབས་ཤུགས་དངོས་དང་།རྒྱལ་ཁབ་ཆེ་གྲས་ཀྱིས་འཁུར་དགོས་པའི་འགན་འཁྲི་དང་འོས་འགན།དེ་བཞིན་སྒྲོག་སྤེལ་བྱེད་པའི་འཛམ་གླིང་གི་འགོ་ཁྲིད་གནས་བབ་བཅས་དང་གཏན་ནས་མཚུངས་ཀྱི་མེད།ཨ་རིས་སྣེ་ཁྲིད་ཀྱི་ནུས་པ་ཞིག་འདོན་སྤེལ་བྱེད་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐོང་འདོད་ཆེན་པོ་བྱེད་ཀྱི་ཡོད་ཀྱང་ཨ་རིས་སྣེ་ཡག་པོ་ཞིག་ཁྲིད་ཐུབ་མེད་པ་མངོན་གསལ་དོད་པོ་རེད།

    ནུས་རྒྱུ་གཙང་མའི་གློག་འདོན་འཆར་གཞི་གསར་པར་གཞིགས་ན་བཙོག་སྐྱོན་ཉུང་གཏོང་བྱེད་ཤུགས་ད་དུང་འདང་གི་མེད།ཨ་རིའི་ཐོན་ཁུངས་ཆ་འཕྲིན་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན།ཨ་རིར་རང་བྱུང་སོལ་རླངས་འཛད་སྤྱོད་བྱེད་ཚད་གོང་མཐོར་ཕྱིན་པ་སོགས་ཀྱིས་རྐྱེན་པས་2013ལོར་ཨ་རིར་ནུས་རྒྱུ་འཛད་སྤྱོད་དང་འབྲེལ་བ་ཡོད་པའི་ཐཱན་འབུད་ཚད(འབུད་ཁུངས་གཙོ་བོ་གློག་ཁང་ཡིན་པ)2005ལོ་ནས་10%ཆག་ཡོད།དེའི་ཐོག་ནས་སླད་ཕྱིན་ལོ་བཅུ་ཕྲག་རིང་གློག་ཁང་གིས་ད་དུང་བཙོག་སྐྱོན་ཉུང་གཏོང་20%བྱས་ན་དམིགས་ཚད་མངོན་འགྱུར་བྱ་རྒྱུ་ཡིན་པ་མཚོན་གྱི་ཡོད།ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་གནམ་གཤིས་ལས་དོན་གྱི་འགན་འཁུར་བ་ཨུ་ཡོན་ཁང་ནེ་·ཧོ་ཙེ་ཀའོ་ཡིས་ཨ་རིས་གནམ་གཤིས་ཀྱི་འགྱུར་བར་ལྟ་སྟངས་ནན་པོ་འཛིན་པར་བསྔགས་བརྗོད་གནང་བ་དང་ཆབས་ཅིག་ཨ་རིར“བྱ་བ་སྔར་བས་མང་པོ་བསྒྲུབ་རྒྱུའི”ལྕག་སྐུལ་ཀྱང་གནང་ཡོད།“སའི་གོ་ལའི་གྲོགས་པོ”ཞེས་པའི་ཁོར་ཡུག་སྲུང་སྐྱོང་རྩ་འཛུགས་ཀྱི་ཀྲུའུ་ཞི་ཨའེ་ལེ་ཁེ་·ཕི་ཁ་ཡིས“དེ་ནི་མདུན་ཕྱོགས་སུ་གོམ་པ་གང་སྤོས་པ་དང་ཁྱད་མེད།ཡིན་ནའང་གོམ་པ་སྤོ་ཤུགས་ད་དུང་འདང་གི་མེད”ཅེས་གསུངས་པ་རེད།

    ཕུགས་བསམ་ཆེན་པོ་དེ་ཙམ་མེད་པའི་འཆར་གཞི་དེར་ཨ་རིའི་རྒྱལ་ནང་དུའང་གདེང་འཇོག་བྱེད་ཚུལ་མི་འདྲ་ཞིང་།རྒྱབ་སྐྱོར་བས“རྡོ་སོལ་གྱི་དུས་རབས་མཇུག་འགྲིལ་ནས་ཨ་རི་འདི་ཉིད་རང་བྱུང་སོལ་རླངས་ཀྱི་དུས་རབས་ཕྱོགས་སུ་སྐྱོད་བཞིན་ཡོད”ཅེས་བསྔགས་བརྗོད་བྱེད་པ་དང་ངོ་རྒོལ་པས་འཆར་གཞི་དེ་ལས་ལས་ཤོར་བ་ཇེ་མང་དུ་འགྲོ་རྒྱུ་དང་ཐ་ན“ནུས་རྒྱུའི་ཉམས་ཉེན”ཡོང་རྒྱུ་རེད་ཅེས་བརྗོད་ཀྱི་ཡོད།

    འདིར་ངེས་པར་དུ་སྟོན་དགོས་པ་ཞིག་ནི་ཨ་རིས་བཏོན་པའི་འཆར་གཞི་དེ་དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་བཙོག་སྐྱོན་ཉུང་གཏོང་གི་རེ་བ་སྔར་བས་མང་བ་འདོན་པའི་རྒྱུ་མཚན་ཞིག་ཏུ་འགྱུར་ན་འགྲིག་ཐབས་མེད།རྒྱལ་ཁབ་ཁག་ཚང་མས་གནམ་གཤིས་ཀྱི་འགྱུར་བར་ཁ་གཏད་གཅོག་རིང་རང་ཉིད་ཀྱི་ལེགས་སྐྱེས་འབུལ་དགོས་པ་ནི་སྨོས་ཅི་དགོས།ཡིན་ནའང་རྒྱལ་ཁབ་ཁག་གི་གནས་ཚུལ་དང་།འགན་འཁྲི།ནུས་པ་བཅས་འདྲ་གི་མེད་པས་ལེགས་སྐྱེས་འབུལ་སྟངས་དང་རེ་བའང་མི་འདྲ་བ་ཡོད།

    དཔལ་འབྱོར་སྟོབས་ཤུགས་དང་།ཕྱོགས་བསྡུས་སྟོབས་ཤུགས།ལག་རྩལ་བཅས་ཀྱི་ཐད་ཨ་རིར་ལེགས་ཆ་ཆེན་པོ་ལྡན་ཡོད་པས་གཞན་གྱི་སྔོན་ལ་བཙོག་སྐྱོན་ཉུང་དུ་གཏོང་རྒྱུ་དང་།མ་དངུལ་མཁོ་འདོན་བྱ་རྒྱུ།ལག་རྩལ་ནང་བཤུག་གཏོང་རྒྱུ་བཅས་ཀྱི་བྱ་བ་མང་ཙམ་བསྒྲུབ་དགོས་པ་དང་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་ཏེ།ཨོ་པ་མས་ནུས་རྒྱུ་གཙང་མའི་གློག་འདོན་འཆར་གཞི་དྲིལ་བསྒྲགས་བྱེད་སྐབས་ཨ་རིས“ངེས་པར་དུ་འབད་བརྩོན་གཞན་ལས་ལྷག་པ་ཞིག་བྱེད་དགོས”ཞེས་བཤད་པ་ལྟར་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག