མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ལི་པུ་ཡཱ་ཡིས་དུས་ལྟར་སྐབས་གསར་བའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་དགོས་པའི་འབོད་སྐུལ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-13 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་བཅུ་གཉིས་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ལི་པུ་ཡཱ་རྒྱལ་ཁབ་ཀྱིས་དུས་ལྟར་སྐབས་གསར་བའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་ཝུན་གྱིས་ནམ་རྒྱུན་ལི་པུ་ཡཱའི་གནས་བབ་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཁོས་ལི་པུ་ཡཱ་རྒྱལ་ཁབ་ཀྱིས་ཞི་བའི་ཐབས་ཀྱིས་དུས་ལྟར་སྐབས་གསར་བའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བའི་གལ་ཆེན་རང་བཞིན་ནན་བཤད་བྱེད་བཞིན་ཡོད་པ་དང་། ལི་པུ་ཡཱའི་མི་རྣམས་མུ་མཐུད་དུ་རྒྱལ་དམངས་ཀྱི་ལུགས་མཐུན་རེ་འདོད་བསྐང་ཐུབ་པའི་ཆབ་སྲིད་ཀྱི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་པའི་བྱ་བར་ཞུགས་དགོས་པའི་སྐུལ་མ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་ཝུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པུ་ཡཱའི་རོགས་སྐྱོར་ཆེད་མངག་ཚོགས་པའི་རྒྱལ་ཁབ་དེས་སྲིད་གཞུང་ལས་ཁུངས་ལ་བཅོས་བསྒྱུར་བྱེད་པར་ལག་རྩལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པའི་ནུས་པ་གལ་ཆེན་བསྐྱར་སྒྲོག་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པུ་ཡཱའི་རོགས་སྐྱོར་ཆེད་མངག་ཚོགས་པས་འདྲ་མཉམ་དང་མངོན་གསལ་གྱི་ཐབས་ལ་བརྟེན་ནས་བར་འདུམ་དང་གྲོས་མོལ་ལ་ཡར་སྐུལ་བྱས་པར་གཟེངས་བསྟོད་བྱས། ཕན་ཅི་ཝུན་གྱིས་ད་རུང་ཁོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ལི་པུ་ཡཱའི་གནད་དོན་གྱི་དམིགས་བསལ་འཐུས་མི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པུ་ཡཱའི་རོགས་སྐྱོར་ཆེད་མངག་ཚོགས་པའི་འགན་ཁུར་བ་མུས་ཐི་ལི་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་བསྐྱར་སྒྲོག་བྱས།

ལི་པུ་ཡཱའི་ཆེས་མཐོའི་རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སཱ་ཡེ་ཧི་ཡིས་ཟླ་ལྔ་བའི་ཚེས་ཉེར་དགུའི་ཉིན་ཁྱབ་སྒྲོག་བྱས་དོན། ལི་པུ་ཡཱའི་རྒྱལ་དམངས་གྲོས་ཁང་གིས་ཁས་ལེན་བྱས་པ་བརྒྱུད། སྐབས་གསར་བའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན་སྤེལ་རྒྱུ་ཡིན་ཟེར།

སྐབས་གསར་བའི་གྲོས་ཁང་བདམས་ཐོན་བྱུང་རྗེས། ལི་པུ་ཡཱའི་རྒྱལ་དམངས་གྲོས་ཁང་གིས་དབང་ཆ་བརྒྱུད་སྤྲོད་བྱེད་རྒྱུ་རེད། སྔོན་གྱི་འཆར་གཞི་ལྟར་ན། རྒྱལ་དམངས་གྲོས་ཁང་གིས་ད་ལོའི་ཟླ་གཉིས་པའི་ཚེས་བདུན་ཉིན་དངོས་སུ་དབང་ཆ་སྤྲད་ནས་གཏོར་དགོས་པ་ཡིན་ཡང་། ཆོས་ལུགས་སྟོབས་ཤུགས་ཀྱི་གཙོ་ཁྲིད་འོག་རྒྱལ་དམངས་གྲོས་ཁང་དུས་ལྟར་གཏོར་མ་ཐུབ་པས་ཀུན་གྱིས་མི་དགའ་བའི་ཚུལ་སྟོན་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག