མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོས་བྱང་ཆིངས་རྩ་འཛུགས་དབྱི་རག་གི་གནས་བབ་ནང་ཞུགས་མི་སྲིད་པར་བཤད།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-13 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལཱ་སི་མུའུ་སིན་གྱིས་ཚེས་བཅུ་གཉིས་ཉིན་སི་ཕན་དུ་འཚམས་འདྲི་བྱེད་སྐབས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་དབྱི་རག་གི་གནས་བབ་ནང་ཞུགས་མི་སྲིད་ཟེར།

ལཱ་སི་མུའུ་སིན་གྱིས་ཉིན་དེར་སི་ཕན་དུ་དངོས་གཞིའི་འཚམས་འདྲི་བྱས་པ་དང་། སི་ཕན་གྱི་རྒྱལ་བོ་ཁཱ་ལོ་སི་སྐུ་ཕྲེང་དང་པོ་དང་། དབུ་བཞུགས་བློན་ཆེན་ལཱ་ཧུའུ་དབྱེ། ཕྱི་འབྲེལ་བློན་ཆེན་མཱ་ཅཱ་ལོས། རྒྱལ་སྲུང་བློན་ཆེན་མའོ་ལོས་ནེ་སི་བཅས་དང་སོ་སོར་གྲོས་མོལ་བྱས།

མཱ་ཅཱ་ལོས་དང་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ལཱ་སི་མུའུ་སིན་གྱིས་བཤད་རྒྱུར། མིག་སྔར་བལྟས་ན་དབྱི་རག་གི་གནས་བབ་དེར་བྱང་ཆིངས་རྩ་འཛུགས་ཐབས་བཀོད་ཅི་ཡང་མེད། ཡིན་ན་ཡང་ང་ཚོས་དོན་རྐྱེན་དེའི་འཕེལ་ཕྱོགས་ལ་མཉམ་འཇོག་བྱས་ཏེ་འབྲེལ་ཡོད་ཕྱོགས་སོ་སོས་དྲག་ཤུགས་བྱ་འགུལ་མཚམས་འཇོག་དགོས་པའི་འབོད་སྐུལ་གཏོང་བཞིན་ཡོད། བྱང་ཆིངས་རྩ་འཛུགས་ཀྱི་ལས་འགན་གཙོ་བོ་ནི་རང་གི་ཁོངས་གཏོགས་རྒྱལ་ཁབ་ཀྱི་རྒྱལ་སྲུང་བདེ་འཇགས་ལ་ཁག་ཐེག་བྱེད་རྒྱུ་དེ་ཡིན་ལ། ང་ཚོས་ཕན་ནུས་ལྡན་པའི་སྒོ་ནས་དོན་དེར་ཁག་ཐེག་བྱེད་པར་འབད་བརྩོན་བྱེད་ངེས་ཡིན། དབྱི་རག་གི་གནད་དོན་ཐད་ང་ཚོར་ཐེ་གཏོགས་བྱེད་པའི་དབང་ཆ་ཐོབ་མེད་ལ། མི་སུ་དང་གང་གིས་ང་ཚོར་རེ་ཞུ་ཡང་བྱས་མེད་ཟེར།

ལཱ་སི་མུའུ་སིན་གྱི་ཐེངས་འདིའི་འཚམས་འདྲི་ནི་གཙོ་བོ་ཝུའུ་ཁི་ལན་གྱི་གནས་བ་དང་ཨ་ཧྥུའུ་ཧན་གྱི་གནད་དོན་ཐད་ནས་སི་ཕན་གྱི་མགོ་ཁྲིད་པ་དང་བསམ་འཆར་བརྗེ་རེས་བྱེད་པའི་ཆེད་དུ་ཡིན་པ་དང་། ལཱ་སི་མུའུ་སིན་གྱིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། །ད་ལོའི་སྟོན་ཁར་སི་ཕན་གྱིས་གནམ་གྲུ་བཞི་མངག་གཏོང་བྱས་ཏེ་བྱང་ཆིངས་རྩ་འཛུགས་ཀྱི་ཡོ་རོབ་གླིང་ཤར་མའི་འགུལ་སྐྱོད་ལ་རོགས་སྐྱོར་བྱས་ཏེ། ཝུའུ་ཁི་ལན་ཉམས་ཉེན་ལས་བྱུང་བའི་གནོད་པ་ཐག་གཅོད་བྱེད་རྒྱུ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག