མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རབ་རྒྱལ་ཁབ་ཀྱི་ནག་དངུལ་དཀར་བསྒྱུར་ལ་ངོ་རྒོལ་བྱེད་པའི་གྲོས་ཚོགས་ལེ་པཱ་ནུན་ནས་ཚོགས།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-13 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རབ་རྒྱལ་ཁབ་ཀྱི་ནག་དངུལ་དཀར་བསྒྱུར་དང་འཇིགས་སྐུལ་རིང་ལུགས་ལ་རོགས་སྐྱོར་བྱེད་པར་ངོ་རྒོལ་བྱེད་པའི་གྲོས་ཚོགས་དེ་ཚེས་བཅུ་གཉིས་ཉིན་གྱི་དགོང་མོར་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐི་ནས་ཚོགས་པ་དང་། ཨ་རབ་རྒྱལ་ཁབ་བཅུ་དགུའི་པུའུ་ཀྲང་དང་དངུལ་ཁང་ལས་རིགས་དང་དཔལ་འབྱོར་ལས་རིགས་ཀྱི་མི་སྣ། ལེ་པཱ་ནུན་དུ་སྡོད་པའི་ཨ་རབ་རྒྱལ་ཁབ་ཀྱི་གཞུང་ཚབ་པ་བཅས་བསྡོམས་པས་མི་ཉིས་བརྒྱ་ལྷག་གྲོས་ཚོགས་ལ་ཞུགས།

ལེ་པཱ་ནུན་གྱི་ནང་སྲིད་པུའུ་ཀྲང་མཱ་ཧྲི་ནོའུ་ཁི་ཡིས་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ་བསྟན་དོན། ནག་དངུལ་དཀར་བསྒྱུར་ནི་དེང་སྐབས་གྲངས་ལྡན་དུས་རབས་ཀྱི་ཆེས་ཉེན་ཁ་ཆེ་བའི་ནག་ཉེས་བྱ་འགུལ་ཞིག་ཡིན་པ་དང་། ལེ་པཱ་ནུན་སྲིད་གཞུང་གིས་མུ་མཐུད་དུ་རྒྱལ་སྤྱིའི་སྟེང་གི་ནག་དངུལ་དཀར་བསྒྱུར་ལ་ངོ་རྒོལ་བྱེད་པའི་འབྲེལ་ཡོད་བཅའ་ཁྲིམས་བརྩི་སྲུང་བྱས་ཏེ། ནག་དངུལ་དཀར་བསྒྱུར་བྱ་འགུལ་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར།

ཨ་རབ་དངུལ་ཁང་ལས་དོན་པའི་རྒྱལ་སྤྱིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་ཨ་རབ་དངུལ་ཁང་མཐུན་ཚོགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཐཱ་ཨར་པུས་ཡཱ་ཡིས་ཚོགས་ཐོག་ནས་གཏམ་བཤད་སྤེལ་ཏེ། ནག་དངུལ་དཀར་བསྒྱུར་ལ་ངོ་རྒོལ་བྱེད་པ་ནི་རྒྱལ་སྤྱིའི་གནད་དོན་ཞིག་ཡིན་ཞིང་། མ་དངུལ་དེ་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་འཁོར་རྒྱུག་བྱེད་བཞིན་ཡོད་སྟབས་གནད་དོན་དེ་རྒྱལ་ཁབ་སོ་སོའི་དངུལ་ཁང་ལ་འབྲེལ་བ་ཡོད་པས། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོས་ནག་དངུལ་དཀར་བསྒྱུར་ལ་ངོ་རྒོལ་བྱེད་པའི་ཐད་ནས་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་སྣོན་དགོས་ཟེར།

ཚོགས་ཡུན་ཉིན་གཉིས་ཡིན་པའི་ཨ་རབ་རྒྱལ་ཁབ་ཀྱི་ནག་དངུལ་དཀར་བསྒྱུར་དང་འཇིག་སྐུལ་རིང་ལུགས་ལ་རོགས་སྐྱོར་བྱེད་པར་ངོ་རྒོལ་བྱེད་པའི་གྲོས་ཚོགས་དེ་ཨ་རབ་དངུལ་ཁང་མཐུན་ཚོགས་དང་ཨ་རབ་དངུལ་ཁང་ལས་དོན་པའི་རྒྱལ་སྤྱིའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་ཡིན་ལ། གཙོ་བོ་ཨ་རབ་རྒྱལ་ཁབ་ཀྱི་ནག་དངུལ་དཀར་བསྒྱུར་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། ནག་དངུལ་དཀར་བསྒྱུར་ལ་ངོ་རྒོལ་བྱས་ཏེ་ཨ་རབ་རྒྱལ་ཁབ་ཀྱི་དཔལ་འབྱོར་དར་རྒྱས་སུ་གཏོང་བ་སོགས་གནད་དོན་ལ་གྲོས་བསྡུར་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག