མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོས་ཝུའུ་ཁི་ལན་དམངས་ཁྲོད་ཀྱི་དྲག་ཆས་པས་འཁྲུག་རྩོད་མཚམས་བཞག་སྟེ་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-13 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཙན་ནེ་ཨར་གྱིས་ཚེས་བཅུ་གཉིས་ཉིན་ཨུ་རུ་སིའི་ལྷོ་ཕྱོགས་ཀྱི་ལོ་སི་ཐའོ་ཧྥུའུ་ཀྲིག་ནས་བསྟན་དོན། ཝུའུ་ཁི་ལན་དམངས་ཁྲོད་ཀྱི་དྲག་ཆས་པས་འཁྲུག་རྩོད་འགུལ་སྐྱོད་མཚམས་བཞག་སྟེ་གྲོས་མོལ་བྱེད་དགོས་ཟེར།

ཙན་ནེ་ཨར་གྱིས་ཉིན་དེར་ལོ་སི་ཐའོ་ཧྥུའུ་ནས་ཝུའུ་ཁི་ལན་གྱི་ཡུལ་གྱར་བར་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ཝུའུ་ཁི་ལན་གྱི་ངོ་རྒོལ་མཁན་གྱིས་མཚོན་ཆ་བསྐྱུར་བའི་གནས་ཚུལ་འོག་གྲོས་མོལ་བྱེད་དགོས་པ་དང་། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱིས་དམངས་ཁྲོད་དྲག་ཆས་པས་འཁྲུག་རྩོད་མཚམས་བཞག་ནས་གྲོས་མོལ་བྱེད་པར་ཡར་སྐུལ་གཏོང་འདོད་ཡོད་ཟེར། ཁོས་བཤད་རྒྱུར། མིག་སྔར་ད་རུང་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་གཅིག་མཐུན་གྱི་ཇུས་གཞི་ཞིག་མེད་པ་དང་། ཇུས་གཞི་དེ་ནི་ཝུའུ་ཁི་ལན་མི་དམངས་ཀྱིས་འདོན་དགོས་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་འཁྲུག་རྩོད་བར་འདུམ་བྱེད་པར་རོགས་རམ་བྱེད་དགོས་ཟེར།

ཙན་ནེ་ཨར་གྱིས་བཤད་རྒྱུར། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱིས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་དུ་ནུས་པ་ཆེན་པོ་འདོན་བཞིན་ཡོད་ཀྱང་། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་ལྟ་ཞིབ་ཚོགས་པའི་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་བྱ་བའི་ཆ་རྐྱེན་རྙོག་འཛིང་ཡིན་པ་དང་། ཁོ་ཚོར་མི་གང་རུང་གི་རྒྱབ་སྐྱོར་ཐོབ་མེད་ཀྱང་། སྔར་བཞིན་འབད་བརྩོན་ལྷོད་མེད་བྱས་ཏེ་འཁྲུག་རྩོད་མཚམས་འཇོག་པར་སྐུལ་འདེད་གཏོང་ངེས་ཡིན་ཟེར།

ཨུ་རུ་སིའི་ལོ་སི་ཐའོ་ཧྥུའུ་ཀྲིག་ནི་ཝུའུ་ཁི་ལན་གྱི་མཐའ་མཚམས་དང་འབྲེལ་ཡོད་པ་དང་། ཝུའུ་ཁི་ལན་གྱི་ཉམས་ཉེན་སྔར་ལས་ཛ་དྲག་ཏུ་སོང་བའི་ཚུན་ལ། ཝུའུ་ཁི་ལན་གྱི་ཡུལ་གྱར་བ་མང་བོ་བྲོས་བྱོལ་བྱས་ནས་གནས་དེར་ཐོན་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག