མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཀན་ཏཱའི་ཕྱི་འབྲེལ་བློན་ཆེན་ཁུའུ་ཐེ་སཱ་སྐབས་རེ་དགུ་བའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིར་བདམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-12 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་རེ་བརྒྱད་པས་ཚེས་བཅུ་གཅིག་ཉིན་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། དངོས་སུ་ཝུའུ་ཀན་ཏཱའི་ཕྱི་འབྲེལ་བློན་ཆེན་ཁུའུ་ཐེ་སཱ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་རེ་དགུ་བའི་ཀྲུའུ་ཞིར་བདམས།

ཁུའུ་ཐེ་སཱ་ཡིས་ད་ལོའི་ཟླ་དགུ་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་རེ་དགུ་བ་མགོ་རྩོམ་པའི་སྐབས་སུ་དངོས་སུ་ལས་འགན་ཁུར་ཏེ། ཨན་ཐིས་ཀྭ་དང་པཱ་པུའུ་ཏཱ་ནས་ཡོང་བའི་ད་ལྟའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཨ་ཧྲི་ཡི་ཚབ་བྱེད་རྒྱུ་རེད།

ཁུའུ་ཐེ་སཱ་བདམས་ཐོན་བྱུང་རྗེས་ཞུ་ཚིག་ཕུལ་ཏེ། ཁོ་རང་བདམས་ཐོན་བྱུང་བ་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཝུའུ་ཀན་ཏཱ་ཡིས་བཞག་པའི་བྱས་རྗེས་ལ་ཁས་ལེན་བྱེད་བཞིན་པ་མཚོན་ཡོད་ཟེར། ཁོས་བསྟན་དོན། དེང་སྐབས་འཛམ་གླིང་ཡོངས་ཛ་དྲག་གི་འགྲན་རྩོད་སྣ་ཚོགས་ལ་འཕྲད་ཡོད་པ་དང་། རྒྱལ་ཁབ་སོ་སོས་གཅིག་མཐུན་གྱི་འགུལ་སྐྱོད་སྤེལ་ཏེ་འགྲན་རྩོད་དེ་དག་ཐག་གཅོད་བྱེད་དགོས། དེ་བས་བཅོས་བསྒྱུར་རང་བཞིན་གྱི་ཉིས་སྟོང་བཅོ་ལྔ་ལོའི་རྗེས་ཀྱི་འཕེལ་རྒྱས་གྲོས་རིམ་གཏན་འབེབས་དང་དངོས་འབེབ་བྱེད་པ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་རེ་དགུ་བའི་བརྗོད་སྙིང་དུ་འཛིན་དགོས་པའི་གྲོས་གཞི་བཏོན་པ་ཡིན་ཟེར། ཁུའུ་ཐེ་སཱ་ཡིས་ད་རུང་ཕན་ནུས་ལྡན་པའི་སྒོ་ནས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་བྱ་བར་མགོ་ཁྲིད་བྱས་ཤིང་། མངོན་གསལ་དང་ཡོངས་བསྒྲགས། འདྲ་མཉམ། དྲང་བདེན་བཅས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིའི་བྱ་བར་འབད་བརྩོན་བྱེད་རྒྱུ་ཁས་ལེན་བྱས།

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་རེ་བརྒྱད་པའི་ཀྲུའུ་ཞི་ཨ་ཧྲི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གཉིས་ཀྱིས་དེའི་རྗེས་སུ་གཏམ་བཤད་སྤེལ་ཏེ། ཁུའུ་ཐེ་སཱ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས། ཨ་ཧྲི་ཡིས་བསྟན་དོན། ཁུའུ་ཐེ་སཱ་དང་ཁོའི་དཔུང་ཁག་ལ་མཁོ་གལ་ཆེ་བའི་རྒྱབ་སྐྱོར་གང་རུང་འདོན་སྤྲོད་དང་མཉམ་ལས་གང་ལེགས་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིའི་བྱ་བ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱེད་རྒྱུ་ཡིན་ཟེར། ཕན་ཅི་ཝུན་གྱིས་ཁུའུ་ཐེ་སཱ་དང་ཁོངས་གཏོགས་རྒྱལ་ཁབ་ཚང་མའི་ཐུན་མོང་གི་འབད་བརྩོན་ལ་བརྟེན་ནས། ཐལ་དྲགས་པའི་དབུལ་ཕོངས་སེལ་ནས་འཛམ་གླིང་དེ་ཞི་བདེ་དང་འདྲ་མཉམ། རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་དུ་ཞུགས་པར་རེ་སྒུག་བྱས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག