མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོས་ཡོ་རོབ་གླིང་ཁོངས་གཏོགས་རྒྱལ་ཁབ་དག་གིས་དམག་དོན་གྲོན་དངུལ་ཇེ་མང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-11 16:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལཱ་སི་མུའུ་སིན་གྱིས་ཚེས་བཅུ་ཉིན་ཡོ་རོབ་གླིང་གི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཨ་མེ་རི་ཁའི་རེ་བ་དང་ལེན་བྱས་ཏེ། དམག་དོན་གྲོན་དངུལ་ཇེ་མང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ལཱ་སི་མུའུ་སིན་གྱིས་བསྟན་དོན། ཁོས་ཡོ་རོབ་གླིང་གི་མནའ་མཐུན་གྲོགས་པོ་དག་གིས་ཟླ་དགུ་བའི་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་སྟེང་དམག་དོན་གྲོན་དངུལ་ཇེ་མང་དུ་གཏོང་བར་ཡིད་འཐད་འབྱུང་བར་རེ་བས་ཁེངས་ཡོད་ཟེར། ལཱ་སི་མུའུ་སིན་གྱི་སྐད་ཆ་དེ་ནི་ཨ་མེ་རི་ཁའི་རེ་བ་དང་ལེན་བྱེད་པ་ཁོ་ནའི་ཆེད་དུ་ཡིན་ཟེར། ཨ་མེ་རི་ཁས་དེའི་སྔོན་བསྟན་དོན། ཡོ་རོབ་གླིང་གིས་ས་གནས་རང་གི་འགོག་སྲུང་ཐད་འགན་འཁྲི་སྔར་ལས་མང་བོ་དང་དུ་ལེན་དགོས་ཟེར།

ལཱ་སི་མུའུ་སིན་གྱིས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱི་མགོ་ཁྲིད་པས་ཟླ་དགུ་བའི་ཚེས་བཞི་ཉིན་ནས་ཚེས་ལྔ་ཉིན་བར་ཝེ་ཨར་ཧྲི་ནས་མཐོ་རིམ་གྲོས་ཚོགས་བསྡུ་རྒྱུ་ཡིན་པ་དང་། མཐོ་རིམ་གྲོས་ཚོགས་སྐབས་སུ་ཨ་མེ་རི་ཁས་ཡོ་རོབ་གླིང་གི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་ཡང་བསྐྱར་ཁས་ལེན་བྱེད་དགོས་པ་དང་། ཞོར་དུ་ཡོ་རོབ་གླིང་གིས་ཀྱང་དམག་དོན་འགྲོ་སོང་ཐད་ནས་དགོས་ངེས་ཀྱི་བསྡུར་ཚད་ཁུར་དུ་ལེན་དགོས་པའི་རེ་བ་བཏོན།

ཝུའུ་ཁི་ལན་གྱི་གནས་བབ་ཇེ་སྡུག་ཏུ་སོང་བར་དམིགས་ཏེ། ཨ་མེ་རི་ཁས་བྱང་ཆིངས་རྩ་འཛུགས་ཀྱི་ཡོ་རོབ་གླིང་གི་མནའ་མཐུན་གྲོགས་པོ་དག་གིས་རང་སྟེང་གི་འགོག་སྲུང་ཐད་འགྲོ་སོང་སྔར་ལས་མང་དུ་གཏོང་དགོས་པའི་རེ་བ་བཏོན། མིག་སྔར། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཁྲོད་ལཱ་ཐའོ་ཝེ་ཡཱ་དང་ལི་ཐའོ་ཝན། ཕོ་ལན། རོ་མཱ་ནི་ཡཱ་བཅས་ཀྱིས་དམག་དོན་གྲོན་དངུལ་ཇེ་མང་དུ་གཏོང་རྒྱུ་ཁྱབ་སྒྲོག་བྱས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག