མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་དབྱི་རག་གི་མའོ་སུའུ་ཨར་གྱི་གནས་བབ་ལ་སེམས་ཁུར་བྱེད་བཞིན་ཡོད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-11 16:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་བཅུ་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། དབྱི་རག་གི་མའོ་སུའུ་ཨར་གྱི་གནས་བབ་ལ་སེམས་ཁུར་བྱེད་བཞིན་པའི་ཚུལ་བསྟན་པ་དང་། ཞོར་དུ་རྒྱལ་ཁབ་དེར་ཉེ་སྔོན་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་མང་བོར་རྒོལ་གཏམ་བཏང་བར་མ་ཟད། དབྱི་རག་གི་ཆབ་སྲིད་མགོ་ཁྲིད་པས་མཐུན་སྒྲིལ་བྱས་ཏེ་རྒྱལ་ཁབ་ཀྱི་མདུན་དུ་ལྷགས་པའི་འཇིགས་ཉེན་སེལ་དགོས་པའི་སྐུལ་མ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་རག་གི་གྲོང་ཁྱེར་ཆེན་པོ་གཉིས་པ་མའོ་སུའུ་ཨར་གྱི་བདེ་འཇགས་གནས་བབ་ཇེ་སྡུག་ཏུ་སོང་སྟེ། མི་སེར་དཀྱུས་མ་མང་བོ་ཁྱིམ་གཞིས་དང་ཁ་བྲལ་དགོས་བྱུང་བར་ཕན་ཅི་ཝུན་གྱིས་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། དེ་ལས་གཞན་དབྱི་རག་གི་པཱ་ཀ་ཏཱ་དང་། ཨན་པཱ་ཨར་ཞིང་ཆེན། ཏིས་ཡཱ་ལཱ་ཞིང་ཆེན། ནེ་ནེ་ཝེ་ཞིང་ཆེན། སཱ་ལཱ་ཧི་ཏེན་ཞིང་ཆེན་སོགས་ནས་ཉེ་སྔོན་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཐེངས་མང་བྱུང་སྟེ། མི་སེར་དཀྱུས་མ་མང་བོར་ཤི་རྨས་ཐེབས་པར་ཕན་ཅི་ཝུན་གྱིས་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་ལ། ཞོར་དུ་ཤི་བོའི་ཁྱིམ་མི་དང་དབྱི་རག་སྲིད་གཞུང་ལ་འཚམས་འདྲི་བྱེད་བཞིན་ཡོད་ཟེར།

ཕན་ཅི་ཝུན་གྱིས་དབྱི་རག་གི་ཆབ་སྲིད་མགོ་ཁྲིད་པ་ཚང་མས་རྒྱལ་ཁབ་ཀྱི་མདུན་དུ་ལྷགས་པའི་འཇིགས་ཉེན་ཐག་གཅོད་བྱེད་སྐབས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དགོས་པའི་སྐུལ་མ་བཏང་བར་མ་ཟད། རྩ་ཁྲིམས་ཀྱི་རྨང་གཞི་དང་དམངས་གཙོའི་ཆབ་སྲིད་འཕེལ་རིམ་གྱི་སྒྲོམ་གཞིའི་འོག་ད་གཟོད་འཇིགས་ཉེན་དེ་རིགས་ཞི་འཇགས་སུ་གཏོང་ཐུབ་པ་ནན་བཤད་བྱས། དབྱི་རག་སྲིད་གཞུང་དང་ཁུའུ་ཨར་ཏི་རང་སྐྱོང་ཁུལ་སྲིད་གཞུང་གིས་མཉམ་དུ་ནེ་ནེ་ཝེ་ཞིང་ཆེན་གྱི་བདེ་འཇགས་སླར་གསོ་བྱེད་པ་དང་། ས་དེར་བྲེལ་མྱུར་གྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པའི་སྐུལ་མ་བཏང་། ཕན་ཅི་ཝུན་གྱིས་ད་རུང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་རག་རོགས་སྐྱོར་ཚོགས་པས་དུས་ངེས་མེད་དུ་རྒྱབ་སྐྱོར་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་ཝུན་གྱིས་སྔར་བཞིན་དབྱི་རག་གི་ཨན་པཱ་ཨར་ཞིང་ཆེན་གྱི་གནས་བབ་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། ཁོས་ས་དེར་བསྡུས་པའི་འགྲིག་མཐུན་གྲོས་ཚོགས་ལ་དགའ་བསུ་ཞུས་པར་མ་ཟད་ས་དེའི་རིགས་རྒྱུད་ཚོ་ཁག་དང་། ཆབ་སྲིད། ཆོས་ལུགས་བཅས་ཀྱི་གཙོ་འཛིན་དག་གྲོས་ཚོགས་ལ་ཞུགས་ཏེ་འཁྲུག་རྩོད་མཇུག་སྒྲིལ་དགོས་པའི་སྐུལ་མ་བཏང་། ཕན་ཅི་ཝུན་གྱིས་བསྐྱར་སྒྲོག་བྱས་དོན། དབྱི་རག་རོགས་སྐྱོར་ཚོགས་པ་དང་བཅས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་ལས་ཁུངས་ཀྱིས་སྔར་བཞིན་དུ་དབྱི་རག་སྲིད་གཞུང་དང་མི་དམངས་ཀྱིས་ཞི་བདེ་དང་དམངས་གཙོ། དར་རྒྱས་བཅས་ཀྱི་རྒྱལ་ཁབ་ཅིག་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

དབྱི་རག་གི་ནེ་ནེ་ཝེ་ཞིང་ཆེན་གྱི་དཔོན་རིགས་ཀྱིས་ཚེས་བཅུ་ཉིན་བདེན་དཔང་བྱས་དོན། ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་མའོ་སུའུ་ཨར་ཉིན་དེར་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་བཙན་བཟུང་བྱས་པ་དང་། དབྱི་རག་དམག་དཔུང་གྲོང་ཁྱེར་དེ་ནས་ཕྱིར་འཐེན་བྱས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག