མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐེ་གོ་ཡིས་ལག་བསྟར་བྱེད་མཚམས་བཞག་པའི་རྩ་ཁྲིམས་ཁྲོད་ཀྱི་འདེམ་བསྐོ་སོགས་ལ་འབྲེལ་བའི་དོན་ཚན་སྐོར་ཞིག་སླར་གསོ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-10 10:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐེ་གོའི་རྒྱལ་ཡོངས་ཞི་བདེ་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གིས་ཚེས་དགུ་ཉིན་སྤྱི་སྒྲོག་སྤེལ་ཏེ། དེའི་སྔོན་ལག་བསྟར་བྱེད་མཚམས་བཞག་པའི་རྩ་ཁྲིམས་ཁྲོད་ཀྱི་འདེམ་བསྐོ་དང་སྲིད་ཏང་། དམངས་ཡོངས་ཀྱིས་བརྡས་ཐག་གཅོད་པ་སོགས་ནང་དོན་ལ་འབྲེལ་བའི་དོན་ཚན་སྐོར་ཞིག་སླར་གསོ་བྱས་པ་ཡིན་ཟེར།

ཞི་བདེ་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་སྤྱི་སྒྲོག་ནང་བཤད་རྒྱུར། རྩ་ཁྲིམས་དེ་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས་ཀྱང་། དེའི་ནང་གི་འདེམ་བསྐོ་དང་སྲིད་ཏང་། དམངས་ཡོངས་ཀྱིས་བརྡས་ཐག་གཅོད་པ་སོགས་ཀྱི་འབྲེལ་ཡོད་དོན་ཚན་འགའ་ཨུ་ཡོན་ལྷན་ཁང་དེས་སྤྱི་སྒྲོག་གསར་བ་སྤེལ་རག་བར་ཏུ་སྔར་བཞིན་ནུས་ལྡན་ཡིན་ཟེར། སྤྱི་སྒྲོག་ལས་ད་རུང་མིག་སྔར་བྱེ་བྲག་གི་འདེམ་བསྐོའི་བྱ་བ་ལག་བསྟར་མི་བྱེད་པ་དང་། སྲིད་ཏང་སོ་སོས་གནས་སྐབས་སུ་ཆབ་སྲིད་ཀྱི་བྱ་འགུལ་དང་གྲོས་ཚོགས་སྤེལ་མི་རུང་ལ། སྲིད་ཏང་གསར་བ་ཐོ་འགོད་དང་གསར་འཛུགས་བྱེད་པར་གཏན་འགོག་བཅས་གཏན་འཁེལ་བྱས་ཡོད།

སྤྱི་སྒྲོག་ལས་ད་རུང་ཐེ་གོའི་ཆེས་མཐོའི་ཁྲིམས་ཁང་གིས་གོང་གི་དོན་ཚན་ལྟར་དུ་ཞི་བདེ་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་སྤྱི་སྒྲོག་ནང་དོན་དང་འབྲེལ་བའི་འདེམ་བསྐོའི་གྱོད་དོན་དཔྱད་ཞིབ་དང་ཐག་གཅོད་བྱས་ཆོག་པ་གཏན་འཁེལ་བྱས་ཡོད།

ཐེ་གོའི་དམག་ཕྱོགས་ཀྱིས་ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་སྲིད་དབང་བདག་ཏུ་བཟུང་རྒྱུ་དང་རྩ་ཁྲིམས་གནས་སྐབས་སུ་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས་པ་དང་། དེའི་རྗེས་སུ་ཉིས་སྟོང་བདུན་ལོར་བཟོ་བཅོས་བྱས་པའི་རྩ་ཁྲིམས་དེ་དངོས་སུ་མེད་པར་བཏང་ཡང་། རྩ་ཁྲིམས་ཀྱི་དོན་ཚན་གཉིས་པ་སྟེ། ཐེ་གོ་ནི་རྒྱལ་བོ་གཙོ་འཛིན་ཡིན་པའི་དམངས་གཙོའི་ལམ་ལུགས་ཀྱི་རྒྱལ་ཁབ་ཡིན་པ་སོར་འཇོག་བྱས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག