མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པས་ཨུ་རུ་སི་ཡིས་བྱང་ཆིངས་རྩ་འཛུགས་ཀྱི་དམག་དོན་བཀོད་སྒྲིག་ལ་དགོས་ངེས་ཀྱི་རྒོལ་ལན་སྤྲོད་རྒྱུའི་ཚུལ་བསྟན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-10 10:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་དང་པོ་ཅི་ཐའོ་ཧྥུའུ་ཡིས་ཚེས་དགུ་ཉིན་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སིའི་མཐའ་མཚམས་ཀྱི་དམག་དོན་བཀོད་སྒྲིག་རྒྱ་བསྐྱེད་པ་ལས་དེའི་དགྲར་འཛིན་གྱི་འདོད་བློ་གསལ་བོར་ཤེས་ཐུབ་པ་དང་། ཨུ་རུ་སི་རྒྱལ་ཁབ་ཀྱིས་དོན་དེར་དགོས་ངེས་ཀྱི་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར།

ཅི་ཐའོ་ཧྥུའུ་ཡིས་ཉིན་དེར་རྒྱལ་སྤྱིའི་ཡིག་བརྒྱུད་འཕྲིན་གཏོང་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱིས་ཡོ་རོབ་གླིང་དབུས་ཤར་གྱི་དམག་དོན་བྱ་འགུལ་རྒྱ་བསྐྱེད་པ་དེ་གཅིག་སྟོང་དགུ་བརྒྱ་གོ་བདུན་ལོར་བཀོད་པའི་ཕྱོགས་གཉིས་ཀྱི་འབྲེལ་བའི་རྨང་གཞིའི་ཡིག་ཆ་དང་འགལ་ཡོད་པ་དང་། ཨུ་རུ་སི་རྒྱལ་ཁབ་ཀྱིས་བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སིའི་མཐའ་མཚམས་ས་ཁུལ་དུ་སྤེལ་བའི་དམག་དོན་བྱ་སྤྱོད་སྣང་མེད་དུ་བསྐྱུར་མི་སྲིད་ལ། ཆབ་སྲིད་དང་དམག་དོན་གྱི་དགོས་ངེས་བྱ་སྤྱོད་གང་རུང་སྤྱད་དེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་ཡིན་ཟེར།

ཅི་ཐའོ་ཧྥུའུ་ཡིས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་པའོ་ལོ་ཏི་རྒྱ་མཚོ་ས་ཁུལ་གྱི་སྐོར་གཡེང་ཤུགས་ཚད་ཇེ་ཆེར་བཏང་བ་དང་། ཡོ་རོབ་གླིང་དབུས་ཤར་གྱི་རྒྱལ་ཁབ་དང་། མཚོ་ནག པའོ་ལོ་ཏི་རྒྱ་མཚོའི་དམག་དོན་ལ་ཤུགས་སྣོན་བྱས་པར་མ་ཟད། ཨུ་རུ་སིའི་མཐའ་མཚམས་ས་ཁུལ་ནས་གཅིག་བསྡུས་ཀྱིས་དམག་དོན་འགུལ་སྐྱོད་སྤེལ་བ་དང་། མྱུལ་ཞིབ་གནམ་གྲུ་མངག་ནས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་མཐའ་མཚམས་ས་ཁུལ་དུ་ལྟ་རྟོག་བྱས་པ་སོགས་བྱ་སྤྱོད་ཀྱིས་གནས་བབ་སྔར་ལས་ཛ་དྲག་ཏུ་གཏོང་སྲིད་ཟེར།

ཝུའུ་ཁི་ལན་གྱི་ཉམས་ཉེན་ཛ་དྲག་ཏུ་སོང་བའི་ཚུན་ལ། བྱང་ཆིངས་རྩ་འཛུགས་ཀྱིས་འགོག་སྲུང་འཆར་གཞི་ལེགས་བསྒྱུར་བྱས་པ་དང་། དམག་དོན་སྦྱོང་བརྡར་དང་དམག་དོན་བཀོད་སྒྲིག་ལ་ཤུགས་སྣོན་པ་སོགས་འདུས་པའི་བྱེད་ཐབས་རབ་དང་རིམ་པ་བཏོན། ཡོ་རོབ་གླིང་དབུས་ཤར་གྱི་མནའ་མཐུན་གྲོགས་པོ་དག་ལ་སེམས་གསོ་བྱ་ཆེད། བྱང་ཆིངས་རྩ་འཛུགས་ཀྱིས་ཕོ་ལན་དང་། རོ་མཱ་ནི་ཡཱ། པའོ་ལོ་ཏི་རྒྱ་མཚོའི་རྒྱལ་ཁབ་གསུམ་གྱི་བར་སྣང་སྐོར་གཡེང་དང་། ཆུ་འཛུལ་གྲུ་གཟིངས་ཀྱི་རོགས་སྐྱོར་སྦྱོང་བརྡར། གཞི་རྒྱ་ཆེ་བའི་དམག་དོན་འགུལ་སྐྱོད་སོགས་བྱ་འགུལ་མང་དུ་སྤེལ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག