མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁ་དང་དབྱི་ལིང་གིས་རི་ནེ་ཝ་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ལ་གྲོས་མོལ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-10 10:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁ་དང་དབྱི་ལིང་གིས་ཚེས་དགུ་ཉིན་རི་ནེ་ཝ་ནས་དུས་ཡུན་ཉིན་གཉིས་ཀྱི་གྲོས་མོལ་མགོ་བརྩམས་པ་དང་། མི་འགྱངས་པར་བསྡུ་རྒྱུ་ཡིན་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་དང་དབྱི་ལིང་གི་སྐོར་ཐེངས་གསར་བའི་གྲོས་མོལ་སྔོན་ལ་ཕྱོགས་གཉིས་བར་གྱི་འགལ་བ་སེལ་ནས། སྐོར་ཐེངས་གསར་བའི་གྲོས་མོལ་སྐབས་ཕྱོགས་སོ་སོས་ངོ་བོ་རང་བཞིན་ལྡན་པའི་གྲུབ་འབྲས་ལོན་པར་བརྩོན་ལེན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པ་དེ་ཨ་མེ་རི་ཁའི་རྒྱུན་ལས་རྒྱལ་སྲིད་བློན་ཆེན་གཞོན་པ་པའོ་ཨིན་སི་ཡིས་ཁྲིད་ཡོད་པ་དང་། དེའི་ཁོངས་མི་གཙོ་བོར་རྒྱལ་སྲིད་བློན་ཆེན་གཞོན་པ་ཧྲི་མན་དང་ཙུང་ཐུང་གཞོན་པ་པེད་ཏིན་གྱི་རྒྱལ་ཁབ་བདེ་འཇགས་ཀྱི་བློ་འདོན་པ་སུའུ་ལེ་ཝུན་སོགས་ཡོད། དབྱི་ལིང་གི་འཐུས་ཚབ་ཚོགས་པར་ཕྱི་འབྲེལ་བློན་ཆེན་གཞོན་པ། ཉིང་རྡུལ་ནུས་པའི་གྲོས་མོལ་གྱི་འཐུས་མི་གཞོན་པ་ཨ་ལཱ་ཀི་ཞེ་ཡིས་སྣེ་ཁྲིད་ཡོད། དེའི་སྔོན་ཨ་མེ་རི་ཁ་དང་དབྱི་ལིང་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་དང་དབྱི་ལིང་གིས་སྤེལ་བའི་རིམ་པ་མི་འདྲ་བའི་གྲོས་མོལ་སྐབས་སུ་ཕྱོགས་གཉིས་ཀྱི་གྲོས་མོལ་ཐེངས་མང་སྤེལ་མྱོང་། ཕྱོགས་གཉིས་ཀྱིས་ཐེངས་འདིའི་གྲོས་མོལ་གྱི་ནང་དོན་ཅི་ཡིན་གསལ་བོར་མ་བསྒྲགས་པ་དང་། ཕྱི་ཕྱོགས་ཀྱིས་ཡོངས་ཁྱབ་ཏུ་ཚོད་དཔག་བྱས་པ་ལྟར་ན་ཕྱོགས་གཉིས་ཀྱིས་དབྱི་ལིང་གི་བཀག་སྡོམ་མེད་པར་གཏོང་བའི་འབྲེལ་ཡོད་གནད་དོན་ལ་གྲོས་མོལ་བྱེད་སྲིད་པར་འདོད།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་སྔོན་གསར་འགྱུར་ལས་རིགས་ལ་འདོན་སྤྲོད་བྱས་པའི་གནས་ཚུལ་ལྟར་ན། ཐེངས་འདིའི་གྲོས་མོལ་སྐབས་གསར་འགྱུར་ལས་རིགས་ལ་ཁ་ཕྱོགས་པའི་བྱ་འགུལ་ཅི་ཡང་མེད་ལ། རྒྱལ་སྲིད་བློན་ཆེན་གཞོན་པ་ཧྲི་མན་གྱིས་ཚེས་བཅུ་གཉིས་ཉིན་གསར་འགྱུར་ལས་རིགས་ལ་ཐེངས་འདིའི་གྲོས་མོལ་གྱི་འབྲེལ་ཡོད་གནས་ཚུལ་སྙན་ཞུ་བྱེད་སྲིད་ཟེར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ད་རུང་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན་གྱི་ལས་རོགས་པ་ཧྲི་མུས་ཏི་ཡང་ཐེངས་འདིའི་གྲོས་མོལ་ལ་ཞུགས་རྒྱུ་རེད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། དབྱི་ལིང་གི་འཐུས་ཚབ་ཚོགས་པས་ད་རུང་ཚེས་བཅུ་གཅིག་དང་ཚེས་བཅུ་གཉིས་ཉིན་རོ་མ་ནས་ཨུ་རུ་སིའི་འཐུས་མི་དང་མཉམ་དུ་རིགས་མཐུན་གྱི་གྲོས་མོལ་སྤེལ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག