མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ཕཱ་ཁི་སི་ཐན་མངའ་ཁོངས་སུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་བར་རྒོལ་གཏམ་དྲག་པོ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-10 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས9ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཕཱ་ཁི་སི་ཐན་མངའ་ཁོངས་སུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་བར་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། ལག་དམར་ཁྲིམས་ལ་སྦྱོར་དགོས་པའི་རེ་བ་བཏོན།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་ཝུན་གྱིས་ཚེས་བརྒྱད་ཉིན་ཕཱ་ཁི་སི་ཐན་མངའ་ཁོངས་སུ་བྱུང་བའི་ཁཱ་ལཱ་ཆི་རྒྱལ་སྤྱིའི་གནམ་གྲུ་ཐང་གི་འཇབ་རྒོལ་དོན་རྐྱེན་དང་ཧྲི་ཡེ་ཕྱོགས་ཁག་གི་མཇལ་སྐོར་བའི་རླངས་འཁོར་རུ་ཁག་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་སོགས་ལ་རྒོལ་གཏམ་དྲག་པོ་བཏང་། ཕན་ཅི་ཝུན་གྱིས་ཕཱ་ཁི་སི་ཐན་གྱི་ས་ཁུལ་སོ་སོར་ཇེ་མང་དུ་འགྲོ་བཞིན་པའི་དྲག་ཤུགས་བྱ་འགུལ་ལ་སེམས་ཁུར་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་དེས་བདེ་སྲུང་བྱེད་ཐབས་སྤྱད་པར་ཁས་ལེན་བྱས། ཁོས་ཕཱ་ཁི་སི་ཐན་སྲིད་གཞུང་གིས་སྔར་ལས་ལྷག་པའི་སྒོ་ནས་འཇིགས་སྐུལ་རིང་ལུགས་དང་ཆོས་ལུགས་ཐལ་སྤྱོད་རིང་ལུགས་ལ་ཁ་གཏད་འཇལ་ཏེ། གོང་གི་འཇབ་རྒོལ་དོན་རྐྱེན་དག་གི་ལག་བསྟར་མཁན་ཁྲིམས་ལ་སྦྱོར་དགོས་པའི་སྐུལ་མ་བཏང་། ཕན་ཅི་ཝུན་གྱིས་ད་རུང་ཤི་བོའི་ཁྱིམ་མིར་སྙིང་ཐག་པ་ནས་འཚམས་འདྲི་བྱས་པར་མ་ཟད། ཕཱ་ཁི་སི་ཐན་སྲིད་གཞུང་དང་མི་དམངས་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།

ཁཱ་ལཱ་ཆི་གནམ་གྲུ་ཐང་གི་འཇབ་རྒོལ་དོན་རྐྱེན་དེ་ཚེས་བརྒྱད་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཅག་དང་སྐར་མ་ཉི་ཤུའི་ཡས་མས་སུ་བྱུང་བ་དང་། དྲག་ཆས་ཉེས་ཅན་བཅུ་ལྷག་གིས་གནམ་གྲུའི་ཐང་གི་བདེ་སྲུང་དམག་དཔུང་གི་ལྭ་བ་གྱོན་ནས་གནམ་གྲུ་ཐང་དུ་ཡོང་སྟེ། བདེ་འཇགས་མི་སྣར་ལག་འབོམ་འཕང་བ་དང་མེ་མདས་བརྒྱབ་པ་རེད། ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱི་མགྲིན་ཚབ་པས་ཚེས་དགུ་ཉིན་བཤད་རྒྱུར། དམག་ཕྱོགས་དང་གནམ་གྲུ་ཐང་གི་བདེ་འཇགས་དམག་དཔུང་། ཉེན་རྟོག་བཅས་ཀྱིས་དུས་ཚོད་ལྔའི་རིང་མཉམ་འབྲེལ་འགུལ་སྐྱོད་སྤེལ་ཏེ། དྲག་ཆས་ཉེས་ཅན་བཅུ་བོ་ཚང་མ་བསད་ཟེར། ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་གྱི་མགྲིན་ཚབ་པས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ནི་རྩ་འཛུགས་དེས་ལག་བསྟར་བྱས་པ་ཁྱབ་སྒྲོག་བྱས།

ཕཱ་ཁི་སི་ཐན་གསར་འགྱུར་ལས་རིགས་ཀྱིས་ཚེས་དགུ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཧྲི་ཡེ་ཕྱོགས་ཁག་གི་མུའུ་སི་ལིན་གྱི་མཇལ་སྐོར་བ་དྲུད་པའི་རླངས་འཁོར་རུ་ཁག་ཅིག་ཚེས་བརྒྱད་ཉིན་གྱི་ནམ་གུང་ཕཱ་ཁི་སི་ཐན་ལྷོ་ནུབ་ཕྱོགས་ཀྱི་པུས་ལུའུ་ཀྲི་ཞིང་ཆེན་གྱི་མཐའ་མཚམས་ས་ཁུལ་ནས་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་སུམ་ཅུ་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། མིག་སྔར་ད་རུང་རྩ་འཛུགས་གང་རུང་གིས་འཇབ་རྒོལ་དོན་རྐྱེན་དེ་བཟོས་པར་ཁས་ལེན་བྱས་མེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག