མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཐའོ་ཡཱ་དང་སི་ཕན་གྱི་མགོ་ཁྲིད་པས་འགོག་སྲུང་དང་དཔལ་འབྱོར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-05 11:03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕུའུ་ཐའོ་ཡཱའི་ཙུང་ལི་ཁི་ཨེ་ལོས་དང་སི་ཕན་གྱི་དབུ་བཞུགས་བློན་ཆེན་ལཱ་ཧའོ་དབྱེ་གཉིས་ཀྱིས་ཚེས་བཞི་ཉིན་ཕུའུ་ཐའོ་ཡཱ་བྱང་ཕྱོགས་ཀྱི་ཧྲ་ཝེ་ཧྲི་གྲོང་ཁྱེར་ནས་སྤེལ་བའི་དབྱི་པུས་ལེ་ཡཱའི་མགོ་གཙོའི་གྲོས་ཚོགས་སྐབས་ཉེར་བདུན་པའི་སྟེང་ནན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་མཐའ་མཚམས་འགོག་སྲུང་དང་དཔལ་འབྱོར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཡར་སྐུལ་བྱེད་རྒྱུ་ཡིན་ཟེར།

ཁི་ཨེ་ལོས་ཀྱིས་གྲོས་ཚོགས་གྲོལ་རྗེས་ལཱ་ཧའོ་དབྱེ་དང་མཉམ་དུ་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཕུའུ་ཐའོ་ཡཱ་དང་སི་ཕན་བར་ཡུལ་བབ་རིག་གནས་དང་། རིན་ཐང་ལྟ་བ། རྒྱལ་ཁབ་ཀྱི་ཁེ་ཕན་སོགས་ཀྱི་ཐད་ཐུན་མོང་གི་ཆ་གང་མང་ཡོད། མིག་སྔར་རྒྱལ་ཁབ་གཉིས་ལ་དངུལ་བུན་ཉམས་ཉེན་གྱི་དཀའ་ཁག་བྱུང་ཡོད་ཅིང་། ཉམས་རྒུད་དུ་འགྲོ་བའི་དཔལ་འབྱོར་གནས་བབ་འོག རྒྱལ་ཁབ་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཚན་རྩལ་དང་བཟོ་ལས། འགོག་སྲུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། མཉམ་དུ་རྙོག་འཛིང་གི་རྒྱལ་སྤྱིའི་གནས་བབ་ཐག་གཅོད་བྱེད་དགོས་ཟེར། ཁོས་ད་རུང་བཤད་རྒྱུར། ད་ལོ་ནི་ཕུའུ་ཐའོ་ཡཱ་དང་སི་ཕན་རྒྱལ་ཁབ་གཉིས་ཀྱིས་མཐའ་མཚམས་གྲོས་ཆོད་བཀོད་ནས་ལོ་ངོ་བརྒྱ་དང་ལྔ་བཅུ་འགོར་བའི་ལོ་ཡིན་པ་དང་། ཕུའུ་ཐའོ་ཡཱ་ཡིས་སི་ཕན་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་འགོག་སྲུང་དང་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་མ་ཟད། རྒྱལ་ཁབ་གཉིས་ཀྱིས་མཐའ་མཚམས་འགོག་སྲུང་གྲོས་ཆོད་གསར་བ་འགོད་པར་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ནན་གྱིས་བསྟན་དོན། ཕུའུ་ཐའོ་ཡཱ་དང་སི་ཕན་རྒྱལ་ཁབ་གཉིས་ཀྱིས་དངུལ་བུན་ཉམས་ཉེན་ཐག་གཅོད་བྱེད་པའི་ཐད་ནས་གྲུབ་འབྲས་ངེས་ཅན་བླངས་ཡོད་ཀྱང་། མ་འོངས་པའི་ལོ་ངོ་འགའི་ནང་རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་ཀྱི་དཔལ་འབྱོར་བཅོས་སྒྱུར་འཆར་གཞི་ལ་ཡར་སྐུལ་བྱས་ཏེ། ནོར་སྲིད་སྒྲིག་ལམ་སྔར་ལས་གཏན་འཇགས་ཡོང་བར་བྱེད་དགོས་ཟེར།

དེ་ལས་གཞན་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ད་རུང་གྲོས་ཚོགས་སྟེང་ཝུའུ་ཁི་ལན་གྱི་གནས་བབ་དང་ཐེངས་འདིའི་ཡོ་རོབ་གླིང་གྲོས་ཁང་གི་འདེམ་བསྐོའི་མཇུག་འབྲས་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་བསམ་འཆར་བརྗེ་རེས་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག