མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱིས་ཆབ་སྲིད་ལ་བརྟེན་པ་ནི་སི་རི་ཡཱའི་ཉམས་ཉེན་མཇུག་སྒྲིལ་བའི་ཐབས་ལམ་ཉག་ཅིག་ཡིན་པར་བཤད།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-05 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་རྒྱལ་ཁབ་ཏུ་འཚམས་འདྲི་བྱེད་བཞིན་པའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཚེས་བཞི་ཉིན་པེ་རུ་ཐི་ནས་ནན་གྱིས་བསྟན་དོན། ཨ་མེ་རི་ཁས་ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད་པ་དང་། དེ་ནི་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་པར་བསམ་ཡོད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཁི་ལེ་ཡིས་ཉིན་དེར་ལེ་པཱ་ནུན་གྱི་ཙུང་ལི་སཱ་ལཱ་མུའུ་དང་། རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་པེ་ལི་སོགས་ཆབ་སྲིད་ཀྱི་མགོ་ཁྲིད་པར་གྲོས་མོལ་བྱས་ཏེ། གཙོ་བོ་སི་རི་ཡཱའི་ཉམས་ཉེན་ལས་ལེ་པཱ་ནུན་ལ་ཐེབས་པའི་ཤུགས་རྐྱེན་དང་། ལེ་པཱ་ནུན་གྱི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ། ལེ་པཱ་ནུན་ལ་རོགས་སྐྱོར་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཟེར།

ཁི་ལེ་ཡིས་ཉིན་དེར་སཱ་ལཱ་མུའུ་དང་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཨུ་རུ་སི་དང་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་འགུལ་སྐྱོད་སྤེལ་ཏེ་སི་རི་ཡཱའི་འཐབ་འཁྲུག་ལ་བཀག་འགོག་བྱེད་པར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཁི་ལེ་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁས་མཉམ་འབྲེལ་རྒྱལ་ཚོགས་བརྒྱུད་དེ་སི་རི་ཡཱའི་མངའ་ཁོངས་དང་རྒྱལ་ཁབ་གཞན་པའི་ཡུལ་གྱར་བ་དང་། སི་རི་ཡཱའི་ཡུལ་གྱར་བ་དང་ལེན་བྱས་པའི་ཁྱིམ་མཚེས་རྒྱལ་ཁབ་དག་ལ་ཡང་བསྐྱར་མེ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དགུ་ཡི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་རྒྱུ་དང་། དེའི་ནང་ལེ་པཱ་ནུན་གྱི་སི་རི་ཡཱའི་ཡུལ་གྱར་བ་དང་ཡུལ་གྱར་བ་དང་ལེན་བྱས་པའི་ལེ་པཱ་ནུན་གྱི་ཚོགས་ཁག་ལ་མེ་སྒོར་བྱེ་བ་ལྔ་དང་ས་ཡ་གཅིག་གི་རོགས་སྐྱོར་བྱེད་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། སི་རི་ཡཱའི་འཐབ་འཁྲུག་གིས་རྒྱལ་ཁབ་གཞན་པར་ཤུགས་རྐྱེན་ཐེབས་པ་དང་། ལེ་པཱ་ནུན་ནི་འཐབ་འཁྲུག་དེའི་གནོད་པ་ཐེབས་པ་ཆེས་ཚབས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། སི་རི་ཡཱའི་ཡུལ་གྱར་བ་མང་བོ་ལེ་པཱ་ནུན་དུ་ཡོང་བ་ལས་ལེ་པཱ་ནུན་གྱི་རྨང་གཞིའི་སྒྲིག་ཆས་དང་སྤྱི་ཚོགས་ཀྱི་ཁུར་བོ་ཇེ་ལྗིད་ལ་སོང་བས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་དེར་ངོས་འཛིན་གསལ་བོ་བྱེད་དགོས་ཟེར།

ཁི་ལེ་ཡིས་བསྐྱར་སྒྲོག་བྱས་དོན། ཨ་མེ་རི་ཁས་མུ་མཐུད་དུ་ལེ་པཱ་ནུན་ལ་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་རང་གི་བདེ་འཇགས་དང་བརྟན་འཇགས། བདག་དབང་བཅས་ལ་སྲུང་སྐྱོབ་བྱེད་པར་རོགས་རམ་བྱེད་རྒྱུ་ཡིན་ཞིང་། ལེ་པཱ་ནུན་གྱི་བདེ་འཇགས་དེ་དབུས་ཤར་ས་ཁུལ་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་བ་དང་། ཨ་མེ་རི་ཁ་དང་དེའི་གྲོགས་པོ་རྣམས་ཀྱིས་ལེ་པཱ་ནུན་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་འབད་འབུངས་བྱེད་རྒྱུ་ཡིན་ཟེར།

ཁི་ལེ་ཚེས་བཞི་ཉིན་གྱི་ཕྱི་དྲོར་པེ་རུ་ཐི་རུ་འབྱོར་ནས་ལེ་པཱ་ནུན་ལ་དུས་ཡུན་ཐུང་ངུའི་འཚམས་འདྲི་བྱེད་མགོ་བརྩམས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག