མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནམ་ཟླའི་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་པའི་གླིང་ཕྲན་རྒྱལ་ཁབ་དག་ལ་སེམས་ཁུར་བྱེད་དགོས་པའི་འབོད་སྐུལ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-05 11:02

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་ལྔ་ཉིན་ནི་འཛམ་གླིང་ཁོར་ཡུག་ཉིན་མོ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་དང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་རེ་བརྒྱད་པའི་ཀྲུའུ་ཞི་ཨ་ཧྲི་གཉིས་ཀྱིས་ཚེས་བཞིའི་ཉིན་སོ་སོར་དོན་དེའི་ཐད་ནས་ཞུ་ཚིག་ཕུལ་ཏེ། མི་རྣམས་ཀྱིས་ནམ་ཟླའི་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་པའི་གླིང་ཕྲན་རྒྱལ་ཁབ་དག་ལ་སེམས་ཁུར་བྱས་ཏེ་མཉམ་དུ་སའི་གོ་ལར་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ད་ལོའི་འཛམ་གླིང་ཁོར་ཡུག་ཉིན་མོའི་བརྗོད་སྙིང་ནི་ཁྱོད་ཀྱི་འབོད་སྒྲ་ཇེ་ཆེར་སོང་ཡང་མཚོ་ངོས་ཇེ་མཐོར་འགྲོ་མི་རུང་ཞེས་པ་དེ་ཡིན། ཕན་ཅི་ཝུན་གྱིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཉིས་སྟོང་བཞི་བཅུ་ལོ་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་གླིང་ཕྲན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ལོ་ཡིན་པར་ཁྱབ་སྒྲོག་བྱས་པ་དང་། འཛམ་གླིང་ཡོངས་སུ་གླིང་ཕྲན་རྒྱལ་ཁབ་ཀྱི་སྡོད་དམངས་བྱེ་བ་དྲུག་དང་ས་ཡ་གསུམ་ལྷག་ཡོད་ལ། ལོ་རེར་སྡོད་དམངས་དེ་དག་གིས་དྲོད་རླངས་ཕྱིར་གཏོང་བྱས་ཚད་དེ་འཛམ་གླིང་ཡོངས་ཀྱི་བརྒྱ་གཅིག་ཀྱང་ཟིན་མེད་ཟེར།

ཕན་ཅི་ཝུན་གྱིས་བཤད་རྒྱུར། གླིང་ཕྲན་རྒྱལ་ཁབ་དག་འགྲན་རྩོད་ལ་འཕྲད་ཡོད་ཅིང་། རྒྱལ་ཁབ་མང་བོ་མཐའ་འཁོབ་ཀྱི་ཡུལ་དུ་ཡོད་རྐྱེན་འཛམ་གླིང་ཡོངས་ཀྱི་མཁོ་འདོན་ནང་ཞུགས་པར་དཀའ་བ་དང་གནས་སྐོར་འགྲན་རྩོད་ནུས་པར་ཚད་བཀག་ཐེབས་ཡོད། ཆགས་འཇིག་རང་བཞིན་གྱི་དྲག་རླུང་དང་མཚོ་ངོས་ཇེ་མཐོར་སོང་བ་ལས་རྒྱལ་ཁབ་མང་བོའི་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་ཐད་ཀྱི་ནུས་པ་ཇེ་ཞན་དུ་འགྲོ་བཞིན་ཡོད། ཁོས་འཕེལ་རྒྱས་སུ་འགྲོ་བཞིན་པའི་གླིང་ཕྲན་རྒྱལ་ཁབ་ཀྱི་དཀའ་སྡུག་གི་གནས་བབ་ལ་དོ་སྣང་བྱས་ཏེ། ཁོ་ཚོས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་དང་། བབ་བསྟུན་གྱི་ནུས་པར་ཤུགས་སྣོན་པ། རྒྱུན་མཐུད་ཀྱི་མ་འོངས་པ་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ཁྲོད་ཉམས་མྱོང་གསོག་དགོས་པའི་འབོད་སྐུལ་བཏང་། ཕན་ཅི་ཝུན་གྱིས་བཤད་རྒྱུར། སའི་གོ་ལ་ནི་ང་ཚོའི་ཐུན་མོང་གཞིས་ཁྱིམ་ཡིན་པས་ང་ཚོས་ལག་རྡང་མཉམ་དུ་སྦྲེལ་ནས་སྲུང་སྐྱོབ་བྱེད་དགོས་ཟེར།

ཨ་ཧྲི་ཡིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཞིབ་འཇུག་ལས་ཤེས་པ་ལྟར་ན། ཉིས་སྟོང་ཆིག་བརྒྱ་ལོར་བསླེབ་དུས། འཛམ་གླིང་ཡོངས་ཀྱི་དྲོད་ཚད་ཇེ་མཐོར་སོང་བ་ལས་མཚོ་ངོས་སྨིས་གཉིས་ལྷག་ཇེ་མཐོར་འགྲོ་སྲིད་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་གླིང་ཕྲན་རྒྱལ་ཁབ་མང་བོ་ཞིག་དང་ཁྱད་པར་དུ་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་གླིང་ཕྲན་མང་བོ་ཞིག་ཏུ་འཚོ་སྡོད་བྱེད་ཐབས་མེད། ལྷད་མེད་དཔལ་འབྱོར་ཁོ་ནར་བསྒྱུར་ན་ད་གཟོད་མཚོ་ངོས་ཇེ་མཐོར་འགྲོ་བའི་འཇིགས་ཉེན་སེལ་ནས་གླིང་ཕྲན་རྒྱལ་ཁབ་དེ་དག་གིས་ཡུན་རིང་དར་རྒྱས་ཀྱི་མ་འོངས་བསྐྲུན་པར་ཁག་ཐེག་བྱེད་ཐུབ་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག