མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པཱ་མཱ་དང་ཝུའུ་ཁི་ལན་གྱི་གསར་དུ་བདམས་པའི་ཙུང་ཐུང་གིས་ཧྭ་ཧྲ་ནས་གྲོས་མོལ་བྱས།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-05 11:02

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་དུ་འཚམས་འདྲི་བྱེད་བཞིན་པའི་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་བཞི་ཉིན་ཧྭ་ཧྲ་ནས་ཝུའུ་ཁི་ལན་གྱི་གསར་དུ་བདམས་པའི་ཙུང་ཐུང་པའོ་ལོ་ཧྲིན་ཁི་དང་གྲོས་མོལ་བྱས།

དེ་ནི་པའོ་ལོ་ཧྲིན་ཁི་ཝུའུ་ཁི་ལན་གྱི་ཙུང་ཐུང་དུ་བདམས་རྗེས་ཐོག་དང་པོར་ཨོ་པཱ་མཱ་དང་གྲོས་མོལ་བྱས་པ་རེད།

ཨོ་པཱ་མཱ་ཡིས་གྲོས་མོལ་བྱས་རྗེས་གསར་འགོད་པར་བཤད་རྒྱུར། ཝུའུ་ཁི་ལན་རང་ཉིད་ཀྱིས་རྒྱལ་ཁབ་རང་གི་མ་འོངས་པ་ཐག་གཅོད་བྱེད་དགོས་ཟེར། ཁོ་དང་པའོ་ལོ་ཧྲིན་ཁི་གཉིས་ཀྱིས་ཝུའུ་ཁི་ལན་གྱི་གནས་བབ་དང་། དཔལ་འབྱོར་འཕེལ་རྒྱས། ཝུའུ་ཁི་ལན་གྱིས་ཨུ་རུ་སིའི་ནུས་ཁུངས་ལ་བརྟེན་པའི་ཚད་ཇི་ལྟར་ཇེ་ཉུང་དུ་གཏོང་བ་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཟེར།

ཨོ་པཱ་མཱ་ཡིས་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཝུའུ་ཁི་ལན་གྱི་ཙུང་ཐུང་གསར་བ་དང་དེས་མགོ་ཁྲིད་པའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱས་ཤིང་། ཝུའུ་ཁི་ལན་གྱི་དམག་དཔུང་དང་ཉེན་རྟོག་པར་གསོ་སྦྱོང་བྱེད་པར་རོགས་རམ་བྱེད་དགོས་པ་དང་། ཨ་མེ་རི་ཁས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཝུའུ་ཁི་ལན་ལ་དགོས་ངེས་ཀྱི་རོགས་རམ་བྱེད་རྒྱུ་ཡིན་ཟེར།

པའོ་ལོ་ཧྲིན་ཁི་ཡིས་ཨོ་པཱ་མཱ་ཡིས་ནུས་ཁུངས་གནད་དོན་ཐད་ནས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས།

ཕོ་ལན་ནི་ཨོ་པཱ་མཱ་ཡི་ཐེངས་འདིའི་ཡོ་རོབ་གླིང་འགྲུལ་བཞུད་ཀྱི་ས་ཚིགས་དང་པོ་ཡིན་པ་དང་། དེའི་རྗེས་སུ་ཨོ་པཱ་མཱ་ཡིས་པུ་ལི་ཧྲི་ལ་འཚམས་འདྲི་བྱེད་སྐབས་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་རྒྱུ་མ་ཟད། ཧྥ་རན་སི་རྒྱལ་ཁབ་ལ་འཚམས་འདྲི་བྱས་ཏེ་ནོའུ་མན་ཏིས་སྐམ་སར་བུད་ནས་ལོ་ངོ་བདུན་ཅུ་འགོར་བའི་རྗེས་དྲན་བྱ་འགུལ་ལ་ཞུགས་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག