མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐུར་ཁེ་དང་ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་གིས་དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-04 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཅུའུ་ཨར་དང་འཚམས་འདྲིར་ཡོང་བའི་ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་པེ་ཨར་ཏི་མུའུ་ཧཱ་མེ་ཏའོ་ཧྥུའུ་གཉིས་ཀྱིས་ཚེས་གསུམ་ཉིན་ཨན་ཁཱ་ལཱ་ནས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་དང་ཁྱད་པར་དུ་ནུས་ཁུངས་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

ཅུའུ་ཨར་གྱིས་པེ་ཨར་ཏི་མུའུ་ཧཱ་མེ་ཏའོ་ཧྥུའུ་དང་གྲོས་མོལ་བྱས་རྗེས་བསྡུས་པའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། འཐབ་ཇུས་ཀྱི་མདུན་ལྗོངས་ལ་བསམ་བློ་བཏང་སྟེ། ཐུར་ཁེ་དང་ཐུའུ་ཁུའུ་མན་སི་ཐན་གྱིས་ཚད་མཐོན་པོའི་ནུས་ཁུངས་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་པ་དང་། ཕྱོགས་གཉིས་ཀྱིས་ཐུའུ་ཁུའུ་མན་སི་ཐན་གྱི་རང་བྱུང་སོལ་རླངས་ཐུར་ཁེའི་མངའ་ཁོངས་བརྒྱུད་ནས་ཡོ་རོབ་གླིང་གི་ཚོང་རར་སྐྱེལ་འདྲེན་བྱེད་རྒྱུའི་འཆར་གཞི་ཡོད་ལ། ཐུར་ཁེ་རྒྱལ་ཁབ་ཀྱིས་ཐུའུ་ཁུའུ་མན་སི་ཐན་གྱིས་ཨན་ནཱ་ཐའོ་ལེ་ཡཱ་བརྒལ་བའི་རང་བྱུང་སོལ་རླངས་ཀྱི་སྦུག་ལམ་ལས་གཞི་ལ་རང་བྱུང་སོལ་རླངས་འདོན་སྤྲོད་བྱེད་དགོས་ཟེར།

པེ་ཨར་ཏི་མུའུ་ཧཱ་མེ་ཏའོ་ཧྥུའུ་ཡིས་བཤད་རྒྱུར། ཁོ་དང་ཅུའུ་ཨར་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་དང་འཛུགས་སྐྲུན། འགྲིམ་འགྲུལ། འཕྲིན་གཏོང་། སློབ་གསོ་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ནས་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཐུའུ་ཁུའུ་མན་སི་ཐན་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པར་གཅིག་གྱུར་ཏུ་འཐད་པ་བྱུང་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག