མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ཕཱ་ལེ་སི་ཐན་གྱིས་མི་རིགས་མཐུན་སྒྲིལ་གྱི་སྲིད་གཞུང་བཙུགས་པར་དགའ་བསུ་ཞུས།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-04 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་གསུམ་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཕཱ་ལེ་སི་ཐན་གྱིས་མི་རིགས་མཐུན་སྒྲིལ་གྱི་སྲིད་གཞུང་བཙུགས་པར་དགའ་བསུ་ཞུས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་བཞིན་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་བཏོན།

གསལ་སྒྲོག་ལས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནམ་རྒྱུན་ད་ཡོད་ཀྱི་གྲོས་ཆོད་གཞིར་བཟུང་སྟེ་ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་ཀྱི་ཁྱབ་ཁོངས་དང་ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ཀྱིས་ཁས་ལེན་བྱས་པའི་ཁྱབ་ཁོངས་སུ། ཕཱ་ལེ་སི་ཐན་གྱི་གཅིག་གྱུར་མངོན་འགྱུར་བྱེད་པར་བརྩོན་དགོས་པ་ནན་བཤད་བྱེད་བཞིན་ཡོད། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཚེས་གཉིས་ཉིན་ཡང་བསྐྱར་བསྟན་དོན། སྐབས་གསར་བའི་མཉམ་འབྲེལ་སྲིད་གཞུང་གིས་མུ་མཐུད་དུ་དབྱི་སི་རལ་ཁས་ལེན་པ་དང་། དྲག་ཤུགས་མི་སྤྱོད་པ། དེའི་སྔོན་བཀོད་པའི་གྲོས་མཐུན་ལག་བསྟར་བྱེད་པ་སོགས་དམ་བཅའ་བརྩི་སྲུང་བྱེད་རྒྱུ་ཁས་ལེན་བྱས་པ་དང་། ཨ་པཱ་སི་ཡིས་ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ཀྱིས་མུ་མཐུད་དུ་དབྱི་སི་རལ་གྱི་སྲིད་གཞུང་བར་ཞི་བའི་གྲོས་མོལ་བྱེད་པའི་འགན་ཁུར་རྒྱུ་མ་ཟད། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་གྱི་རྒྱལ་ཁབ་གཉིས་ཀྱི་ཐག་གཅོད་ཇུས་གཞི་ལ་གོ་སྐབས་གསར་བ་འབྱུང་བར་རེ་སྒུག་བྱེད་བཞིན་པའི་ཚུལ་བསྟན་པར་ཕན་ཅི་ཝུན་གྱིས་དོ་སྣང་བྱེད་བཞིན་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕཱ་ལེ་སི་ཐན་གྱི་སྲིད་གཞུང་གསར་བས་ན་ནིང་གི་ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན་ཕཱ་ལེ་སི་ཐན་གྱི་མི་རིགས་བཅིངས་འགྲོལ་རྩ་འཛུགས་ཧྥ་ཐཱ་ཧི་དང་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་བཀོད་པའི་འགྲིག་མཐུན་གྲོས་ཆོད་གཞིར་བཟུང་སྟེ། ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ཅཱ་ཧྲ་ས་ཁུལ་ཡང་བསྐྱར་ཁྲིམས་མཐུན་གྱི་ཕཱ་ལེ་སི་ཐན་གྱི་དབང་འཛིན་ལས་ཁུངས་ཀྱི་མངའ་འོག་ཏུ་གཅིག་གྱུར་བྱས་ཤིང་། ཅཱ་ཧྲ་ས་ཁུལ་གྱི་ཛ་དྲག་གི་ཆབ་སྲིད་དང་བདེ་འཇགས། མི་ཆོས་རིང་ལུགས། དཔལ་འབྱོར་བཅས་ཐད་ཀྱི་འགྲན་རྩོད་ཐག་གཅོད་བྱས་ཏེ། ཡུན་རིང་རེ་སྒུག་བྱས་པའི་འདེམ་བསྐོའི་བྱ་འགུལ་སྤེལ་བར་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་ཝུན་གྱིས་ས་ཁུལ་དེའི་འབྲེལ་ཡོད་ཕྱོགས་ཁག་སོ་སོས་རྣམ་འགྱུར་བཟང་བོ་སྟོན་དགོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་བཞིན་དུ་ཕཱ་ལེ་སི་ཐན་གྱི་དཔལ་འབྱོར་དང་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་བཏོན།

ཕཱ་ལེ་སི་ཐན་གྱི་མཉམ་འབྲེལ་སྲིད་གཞུང་གིས་ཚེས་གཉིས་ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་གྱི་ཙུང་ཐུང་བཞུགས་ཤག་ནས་ལས་འགན་ཁུར་བའི་དམ་བཅའ་བཞག དེ་ལས་ཕཱ་ལེ་སི་ཐན་གྱི་ཧཱ་མཱ་སི་དང་ཧྥ་ཐཱ་ཧི་ཆབ་སྲིད་ཕྱོགས་ཁག་གཉིས་ཀྱི་ལོ་ངོ་བདུན་གྱི་ཁ་བྲལ་གནས་བབ་མཇུག་སྒྲིལ་བ་མཚོན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག