མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པཱ་མཱ་ཡིས་ཕོ་ལན་དུ་འཚམས་འདྲི་བྱས་ཏེ་ཨ་མེ་རི་ཁས་ཡོ་རོབ་གླིང་གི་དམག་དོན་བཀོད་སྒྲིག་རྒྱ་བསྐྱེད་འདོད་ཡོད་པར་བཤད།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-04 10:52

奥巴马访问波兰称美国拟扩大在欧洲军事部署.jpg

ཟླ་དྲུག་པའི་ཚེས་གསུམ་ཉིན། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་དང་ཕོ་ལན་གྱི་ཙུང་ལི་ཐུའུ་སི་ཁི་གཉིས་ཧྭ་ཧྲ་རུ་ཡོད་པའི་ཕོ་ལན་གྱི་ཙུང་ལིའི་བཞུགས་ཤག་ནས་མཉམ་དུ་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས། ཨོ་པཱ་མཱ་ཉིན་དེར་ཧྭ་ཧྲ་རུ་འབྱོར་ནས་ཕོ་ལན་རྒྱལ་ཁབ་ལ་དུས་ཡུན་ཉིན་གཉིས་ཀྱི་འཚམས་འདྲི་བྱེད་མགོ་བརྩམས་པ་རེད།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཚེས་གསུམ་ཉིན་ཧྭ་ཧྲ་རུ་འབྱོར་ནས་ཕོ་ལན་རྒྱལ་ཁབ་ལ་དུས་ཡུན་ཉིན་གཉིས་ཀྱི་འཚམས་འདྲི་བྱེད་མགོ་བརྩམས། ཕོ་ལན་གྱི་མགོ་ཁྲིད་པ་དང་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ཨོ་པཱ་མཱ་ཡིས་ཨ་མེ་རི་ཁས་ཕོ་ལན་དང་ཡོ་རོབ་གླིང་ཤར་མའི་མནའ་མཐུན་གྲོགས་པོ་གཞན་པའི་བདེ་འཇགས་ཐད་འགན་ཁུར་བའི་ཁས་ལེན་བསྐྱར་སྒྲོག་བྱས་པར་མ་ཟད། ཨ་མེ་རི་ཁས་ཡོ་རོབ་གླིང་གི་དམག་དོན་བཀོད་སྒྲིག་རྒྱ་བསྐྱེད་པའི་འཆར་གཞི་ཡོད་ཟེར།

    ཨོ་པཱ་མཱ་ཡིས་ཉིན་དེར་ཕོ་ལན་གྱི་ཙུང་ཐུང་ཁི་མའོ་ལོ་ཧྥུའུ་སི་ཅི་དང་དངོས་སུ་གྲོས་མོལ་བྱས། ཕོ་ལན་གྱི་ཙུང་ཐུང་བཞུགས་ཤག་གིས་འདོན་སྤྲོད་བྱས་པའི་གནས་ཚུལ་ལྟར་ན། ཨོ་པཱ་མཱ་དང་ཁི་མའོ་ལོ་ཧྥུའུ་སི་ཅི་གཉིས་ཀྱིས་གཙོ་བོ་རྒྱལ་ཁབ་གཉིས་ཀྱི་དམག་དོན་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། ཁྱད་པར་དུ་འཕུར་མདའི་འགོག་སྲུང་མ་ལག་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པར་གྲོས་བསྡུར་བྱས་ཟེར།

    ཨོ་པཱ་མཱ་ཡིས་གྲོས་མོལ་བྱས་རྗེས་ཁི་མའོ་ལོ་ཧྥུའུ་སི་ཅི་དང་མཉམ་དུ་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཕོ་ལན་ནི་ཨ་མེ་རི་ཁའི་འཛམ་གླིང་ཡོངས་ཀྱི་མནའ་མཐུན་གྲོགས་པོ་གལ་ཆེན་ཞིག་ཡིན་པ་དང་། ཕོ་ལན་གྱི་བདེ་འཇགས་ལ་ཁག་ཐེག་བྱེད་པ་ནི་ཨ་མེ་རི་ཁ་དང་ཕོ་ལན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐུན་མོང་གི་རྨང་རྡོ་ཡིན་པར་མ་ཟད་ཨ་མེ་རི་ཁའི་འགན་འཁྲི་ཡང་ཡིན། ཨ་མེ་རི་ཁས་ཡོ་རོབ་གླིང་གི་དམག་དོན་བཀོད་སྒྲིག་རྒྱ་བསྐྱེད་དེ་མནའ་མཐུན་གྲོགས་པོ་བར་གྱི་དམག་དོན་སྦྱོང་བརྡར་ལ་ཤུགས་སྣོན་བྱེད་རྒྱུའི་འཆར་གཞི་ཡོད་ཟེར།

    ཨོ་པཱ་མཱ་ཡིས་ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱིས་མེ་སྒོར་ཐེར་འབུམ་གཅིག་གི་དངུལ་གཏོང་རྣམ་གྲངས་ཤིག་ལ་ཆོག་མཆན་བཀོད་དེ། ཨ་མེ་རི་ཁའི་ཡོ་རོབ་གླིང་གི་དམག་དོན་བཀོད་སྒྲིག་ལ་ཤུགས་སྣོན་པ་དང་བྱང་ཆིངས་རྩ་འཛུགས་ཀྱི་དམག་དོན་ནུས་པ་ཇེ་མཐོར་གཏོང་བར་དམིགས་པའི་འཆར་གཞི་དེར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་། ཕོ་བྲང་དཀར་པོས་དེའི་སྔོན་སྤེལ་བའི་གསལ་སྒྲོག་ལྟར་ན། འཆར་གཞི་དེ་ཝུའུ་ཁི་ལན་དང་ཀི་ལུའུ་ཅི་ཡཱ། མའོ་ཨར་ཏའོ་ཝ་སོགས་ཨ་མེ་རི་ཁར་མཉམ་ལས་བྱེད་པའི་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་མ་ཡིན་པའི་རྒྱལ་ཁབ་དང་། ཨ་མེ་རི་ཁའི་ཡོ་རོབ་གླིང་གི་མནའ་མཐུན་གྲོགས་པོ་དག་ལ་འབྲེལ་ཡོད།

    ཝུའུ་ཁི་ལན་གྱི་གནས་བབ་ཐད་ནས་ཨོ་པཱ་མཱ་ཡིས་ཝུའུ་ཁི་ལན་གྱི་གསར་དུ་བདམས་པའི་པའོ་ལོ་ཧྲིན་ཁི་དང་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན། ཁོས་ཨུ་རུ་སི་དང་ཝུའུ་ཁི་ལན་སྲིད་གཞུང་གིས་གྲོས་མོལ་བྱེད་དགོས་པའི་སྐུལ་མ་བཏང་བར་མ་ཟད། གལ་ཏེ་ཨུ་རུ་སིའི་ཕྱོགས་ཀྱིས་མུ་མཐུད་དུ་ཝུའུ་ཁི་ལན་གྱི་བརྟན་འཇགས་ཐད་ཉེན་ཁ་བཟོ་བའི་བྱེད་ཐབས་སྤྱད་ན། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཨུ་རུ་སི་ལ་སྔར་ལས་ལྷག་པའི་སྒོ་ནས་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་ངེས་ཡིན་ཟེར།

    ཁི་མའོ་ལོ་ཧྥུའུ་སི་ཅི་ཡིས་བཤད་རྒྱུར། ཁོ་དང་ཨོ་པཱ་མཱ་གཉིས་ཀྱིས་བལྟས་ན། རྒྱལ་ཁབ་གཉིས་ཀྱི་དམག་དོན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་པར་འདོད། ཕོ་ལན་ཤར་ཕྱོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ནས་ཉམས་ཉེན་བྱུང་བའི་སྐབས་སུ། ཕོ་ལན་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་དམག་དོན་མཉམ་ལས་ལ་ཤུགས་སྣོན་བྱས་ན་ཕོ་ལན་གྱི་བདེ་འཇགས་ལ་འགན་སྲུང་བྱེད་ཐུབ་ཟེར། ཁོས་ད་རུང་བསྟན་དོན། ཕྱོགས་གཉིས་ཀྱིས་ད་ལོའི་བྱང་ཆིངས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་སྟེང་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་དམག་དོན་གྱི་རྨང་གཞིའི་སྒྲིག་ཆས་ཐད་ཀྱི་དངུལ་གཏོང་ཇེ་མང་དུ་གཏོང་རྒྱུའི་གྲོས་གཞི་འདོན་པར་འཐད་པ་བྱུང་ཡོད་ཟེར།

    ད་ལོའི་བྱང་ཆིངས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་དེ་ཟླ་དགུ་བའི་ཚེས་བཞི་ཉིན་ནས་ཚེས་ལྔ་ཉིན་བར་དབྱིན་ཇིའི་ཝེ་ཨར་ཧྲི་ནས་སྤེལ་རྒྱུ་ཐག་བཅད་ཡོད།

    ཕོ་ལན་གྱི་ཨོ་པཱ་མཱ་ཡི་ཐེངས་འདིའི་ཡོ་རོབ་གླིང་གི་འགྲུལ་བཞུད་ཀྱི་ས་ཚིགས་དང་པོ་རེད། ཨོ་པཱ་མཱ་ཡིས་ཉིན་དེར་ད་རུང་ཕོ་ལན་གྱི་ཙུང་ལི་ཐུའུ་སི་ཁི་དང་གྲོས་མོལ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག