མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོས་བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སི་ལ་འཇིགས་ཉེན་བཟོ་མི་སྲིད་པར་བཤད།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-03 11:22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཆིངས་རྩ་འཛུགས་དང་ཨུ་རུ་སིའི་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་གཉིས་ཉིན་ཝུའུ་ཁི་ལན་གྱི་གནས་བབ་ཐད་ནས་གྲོས་ཚོགས་བསྡུས། གྲོས་ཚོགས་གྲོལ་རྗེས་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལཱ་སི་མུའུ་སིན་གྱིས་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱིས་སྤྱད་པའི་ཐག་གཅོད་བྱེད་ཐབས་ལས་ཨུ་རུ་སི་ལ་འཇིགས་ཉེན་ཐེབས་མི་སྲིད་ཟེར།

ལཱ་སི་མུའུ་སིན་གྱིས་གྲོས་ཚོགས་གྲོལ་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། བྱང་ཆིངས་རྩ་འཛུགས་དང་ཨུ་རུ་སི་ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་བསམ་ཚུལ་ལ་ཉན་པ་དང་གྲོས་མོལ་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར།

ལཱ་སི་མུའུ་སིན་གྱིས་བྱང་ཆིངས་རྩ་འཛུགས་ཀྱི་ཝུའུ་ཁི་ལན་གནད་དོན་ཐད་ཀྱི་ལངས་ཕྱོགས་རྒྱས་བཤད་བྱས། ཁོས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སི་ཡིས་ཁ་ལི་མུས་ཡཱ་ཁྲིམས་དང་འགལ་བའི་སྒོ་ནས་རང་གི་མངའ་ཁོངས་སུ་བསྡུས་པར་རྒོལ་གཏམ་གཏོང་བཞིན་ཡོད་པ་དང་། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མས་གནས་ཚུལ་དེ་ཁས་ལེན་བྱེད་མི་སྲིད། བྱང་ཆིངས་རྩ་འཛུགས་ཀྱིས་བལྟས་ན་ཅང་མ་འགོར་བའི་སྔོན་སྤེལ་བའི་ཝུའུ་ཁི་ལན་གྱི་འདེམ་བསྐོའི་བྱ་འགུལ་དེ་རྒྱལ་སྤྱིའི་ཚད་གཞི་དང་མཐུན་ཞིང་། ཝུའུ་ཁི་ལན་མི་དམངས་ཀྱི་རང་དབང་དང་དྲང་བདེན་གྱི་གདམ་གསེས་ལ་ངེས་པར་དུ་བརྩི་འཇོག་བྱེད་དགོས་པར་འདོད་ལ། བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་གསར་དུ་བདམས་པའི་ཙུང་ཐུང་གིས་ཕན་ནུས་ལྡན་པའི་འབྲེལ་འདྲིས་བྱེད་དགོས་པའི་སྐུལ་མ་བཏང་།

བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སི་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་མཐའ་མཚམས་ས་ཁུལ་ནས་དམག་དཔུང་ཕྱིར་འཐེན་བྱེད་པ་དང་། མཚོན་ཆ་དང་དྲག་ཆས་ཉེས་ཅན་ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་འགྲོ་བར་བཀག་འགོག་བྱེད་དགོས་པར་མ་ཟད། རང་གི་ཤུགས་རྐྱེན་ལ་བརྟེན་ནས་མི་གཏའ་རུ་བཀག་འཇུག་བྱས་ཡོད་པའི་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་ལྟ་ཞིབ་པ་ཕྱིར་གཏོང་བར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག