མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འབར་མའི་ཙུང་ཐུང་གིས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་དག་གིས་ནམ་ཟླའི་འགྱུར་ལྡོག་ལ་དོ་སྣང་བྱེད་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-12 10:41

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འབར་མའི་ཙུང་ཐུང་ཝུའུ་ཏིན་ཧྲིན་གྱིས་ཚེས་བཅུ་གཅིག་ཉིན་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མགོ་ཁྲིད་པའི་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་རྒྱལ་ཁབ་སོ་སོས་ནམ་ཟླའི་འགྱུར་ལྡོག་གནད་དོན་ལ་མཐོང་ཆེན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཝུའུ་ཏིན་ཧྲིན་གྱིས་བསྟན་དོན། ནམ་ཟླའི་འགྱུར་ལྡོག་ལས་བྱུང་བའི་ཐལ་དྲགས་པའི་ནམ་ཟླ་ཡིས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོར་ཤུགས་རྐྱེན་ཆེན་པོ་བཟོ་བཞིན་ཡོད་པས། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་མྱུར་དུ་ཕན་ནུས་ལྡན་པའི་སྒོ་ནས་རང་བྱུང་གི་གནོད་འཚེ་དེ་དག་ཐག་གཅོད་བྱེད་དགོས་ཟེར། དེའི་ཐད་ནས་ཁོས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་འཕྲལ་སྒྲུབ་ནང་རྐྱེན་ཞིག་འཛུགས་རྒྱུའི་གྲོས་གཞི་བཏོན།

ཝུའུ་ཏིན་ཧྲིན་གྱིས་ད་རུང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་ཞིབ་འཇུག་ལྟེ་གནས་ཀྱི་དྲ་བ་བཙུགས་ཏེ། ནམ་ཟླར་ཅུང་འཕྲོད་པའི་ཞིང་ལས་ལོ་ཏོག་མཉམ་དུ་ཞིབ་འཇུག་དང་གསོ་སྤེལ་བྱེད་དགོས་པའི་གྲོས་གཞི་བཏོན། ཁོས་བཤད་རྒྱུར། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོས་མཉམ་ལས་ལ་ཤུགས་སྣོན་བྱས་ཤིང་། དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་ནམ་ཟླའི་འགྱུར་ལྡོག་ལས་བྱུང་བའི་གནོད་པ་ཇེ་ཉུང་དུ་གཏོང་དགོས་ཟེར།

ཉིས་སྟོང་བརྒྱད་ལོའི་ཟླ་ལྔ་བར། ཚ་ཁུལ་གྱི་དྲག་རླུང་ནཱ་ཨར་ཅི་སི་ཞེས་པས་འབར་མ་རྒྱལ་ཁབ་ལ་འཇིགས་ཉེན་ཐེབས་ཏེ། མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུད་ཚབས་ཆེན་བཟོས། ཉིས་སྟོང་བཅུ་གསུམ་ལོའི་ཟླ་བཅུ་གཅིག་པར། རྒྱ་མཚོའི་ཁུག་རྟ་ཞེས་པའི་ཐོར་རླུང་དྲག་པོས་ཧྥེ་ལེ་པེན་ལ་འཇིགས་ཉེན་ཐེབས་ཏེ། མི་སྟོང་ཕྲག་མང་བོ་རྨས་སྐྱོན་ཕོག་པ་དང་མི་ས་ཡ་འགའ་ལ་འགྲོ་སའི་ཁྱིམ་མེད་པར་གྱུར།

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མགོ་ཁྲིད་པའི་གྲོས་ཚོགས་སྐབས་ཉེར་བཞི་བ་ཚེས་བཅུ་གཅིག་ཉིན་འབར་མའི་རྒྱལ་ས་ནེ་པུས་ཏུའུ་ནས་ཚོགས་པ་དང་། གྲོས་ཚོགས་ནས་གཙོ་བོ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་ཚོགས་པའི་འཛུགས་སྐྲུན་དང་ལག་བསྟར་གནས་ཚུལ་ལ་དཔྱད་འཇོག་བྱེད་པ་དང་། ཉིས་སྟོང་བཅོ་ལྔ་ལོའི་ལོ་མཇུག་བར་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་ཚོགས་པ་འཛུགས་པར་མཁོ་བའི་ལས་དོན་ལ་གྲོས་མོལ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག