མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ལེ་སི་ཐན་ཕྱོགས་ཀྱིས་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་བཀག་འཇུག་མི་སྣ་ཕྱིར་གཏོང་བར་ཚོད་འཛིན་བྱེད་པའི་བཅའ་ཁྲིམས་འཆར་ཟིན་གསར་བས་ཞི་བའི་གྲོས་མོལ་ལ་གཏོར་བརླག་བྱས་པར་སྐྱོན་འཛུགས་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-12 10:41

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་གྱི་དཔོན་རིགས་ཀྱིས་ཚེས་བཅུ་གཅིག་ཉིན་དབྱི་སི་རལ་གྱིས་ཉིན་དེར་ཕཱ་ལེ་སི་ཐན་གྱི་བཀག་འཇུག་མི་སྣ་ཕྱིར་གཏོང་བར་ཚོད་འཛིན་བྱེད་པའི་བཅའ་ཁྲིམས་འཆར་ཟིན་གསར་བ་ཞིག་ལ་གྲོས་མཐུན་བཀོད་དེ་དབུས་ཤར་ས་ཁུལ་གྱི་ཞི་བདེའི་འཕེལ་རིམ་ལ་གཏོར་བརླག་བྱས་པར་སྐྱོན་འཛུགས་བྱས།

ཕཱ་ལེ་སི་ཐན་གྱི་བཙོན་མའི་ལས་དོན་པུའུ་ཀྲང་ཁཱ་ལཱ་ཅི་ཡིས་ཉིན་དེར་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་སྲིད་གཞུང་གིས་བཅའ་ཁྲིམས་འཆར་ཟིན་དེར་སྐུལ་གཏོང་བའི་བྱེད་ཐབས་དེ་ནི་དབྱི་སི་རལ་གྱིས་ཉེ་སྔོན་ལག་བསྟར་བྱེད་པའི་ཕཱ་ལེ་སི་ཐན་ལ་ཆད་གཅོད་བྱེད་པའི་བྱེད་ཐབས་ཀྱི་ཁག་ཅིག་ཡིན་པ་དང་། དབྱི་སི་རལ་གྱི་བྱེད་ཐབས་དེས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་འཕེལ་རིམ་གྱི་མདུན་ལྗོངས་ལ་གནོད་པ་ཐེབས་སྲིད་ཟེར།

དབྱི་སི་རལ་གྱི་པུའུ་ཀྲང་རིམ་པའི་ཁྲིམས་འཛུགས་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་མང་ཤོས་འཐད་པ་བྱུང་བའི་མཇུག་འབྲས་ཀྱིས་བཅའ་ཁྲིམས་འཆར་ཟིན་གསར་བ་ཞིག་ལ་གྲོས་འཆམ་བྱུང་སྟེ། དབྱི་སི་རལ་ཁྲིམས་ཁང་གིས་དབྱི་སི་རལ་གྱི་ཙུང་ཐུང་གིས་སྲོག་ཐར་ལ་གཏོང་བའམ་ལྐོག་གསོད་ཉེས་པ་བཟོས་ནས་བཙོན་དུ་བཅུག་པའི་ཉེས་ཅན་གྱི་ཁྲིམས་ཐག་ཇེ་ཡང་དུ་གཏོང་བར་ཁས་ལེན་མི་བྱེད་པའི་དབང་ཆ་ཡོད་པ་གཏན་འཁེལ་བྱས། བཅའ་ཁྲིམས་འཆར་ཟིན་དེ་ལས་བཤད་རྒྱུར། ལྐོག་གསོད་ཉེས་པ་བཟོས་པའི་ཕཱ་ལེ་སི་ཐན་གྱི་བཀག་འཇུག་མི་སྣ་དག་ཕྱི་འབྲེལ་གྲོས་མོལ་དབང་གིས་ཕྱིར་གཏོང་བར་སྔོན་འགོག་བྱེད་རྒྱུ་ཡིན་ཟེར།

མིག་སྔར། བཅའ་ཁྲིམས་འཆར་ཟིན་དེར་དབྱི་སི་རལ་གྲོས་ཁང་གིས་འདེམ་ཤོག་འཕང་ནས་འཐད་པ་འབྱུང་དགོས་པ་རེད། དབྱི་སི་རལ་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་ཁྲིམས་འཛིན་པུའུ་ཀྲང་། དབྱི་སི་རལ་གྱི་དབུ་བཞུགས་གྲོས་མོལ་འཐུས་མི་ལེ་ཧྥུའུ་ནེ་ཡིས་བཅའ་ཁྲིམས་འཆར་ཟིན་དེར་ཁྲིམས་འཛུགས་ཨུ་ཡོུན་ལྷན་ཁང་ནས་གྲོས་འཆམ་བྱུང་བར་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། བཅའ་ཁྲིམས་འཆར་ཟིན་དེས་དབྱི་སི་རལ་སྲིད་གཞུང་མ་འོངས་པའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གྲོས་མོལ་ལ་ཞུག་པར་ཚོད་འཛིན་བྱས་ཡོད་པར་འདོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག