མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཛམ་གླིང་ན་གཞོན་ཚོགས་ཆེན་ཁི་ལོན་ཕའོ་ནས་གྲོལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-11 10:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་ཉིན་ལྔ་ཡིན་པའི་ཉིས་སྟོང་བཅུ་བཞི་ལོའི་འཛམ་གླིང་ན་གཞོན་ཚོགས་ཆེན་དེ་ཚེས་བཅུ་ཉིན་སིང་ག་ལཱའི་རྒྱལ་ས་ཁི་ལོན་ཕའོ་ནས་གྲོལ།

སྐབས་འདིའི་ཚོགས་ཆེན་སྟེང་། རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་རེ་དགུ་ནས་ཡོང་བའི་འཐུས་མི་སྟོང་གཅིག་ཙམ་གྱིས་ན་གཞོན་གྱི་ཉིས་སྟོང་བཅོ་ལྔ་ལོའི་རྗེས་ཀྱི་འཕེལ་རྒྱས་འཆར་འགོད་ཁྲོད་ཀྱི་གོ་གནས་གལ་ཆེན་ཞེས་པའི་བརྗོད་སྙིང་དེར་དམིགས་ཏེ། སློབ་གསོ་དང་ལས་ཞུགས། ལས་སྐྲུན་བཅས་འདྲ་མཉམ་ཡོང་བ་ཅི་ལྟར་མངོན་འགྱུར་བྱེད་པ་དང་། དབུལ་ཕོངས་སེལ་བ། ཟས་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པ། སྨན་བཅོས་མ་ལག་འཐུས་ཚང་དུ་གཏོང་བ། ཁོར་ཡུག་སྲུང་སྐྱོབ་བྱེད་པ། ཞི་བདེ་མངོན་འགྱུར་དང་དྲག་ཤུགས་མེད་པར་གཏོང་བ། ཕུན་སུམ་ཚོགས་པའི་རོལ་རྩེད་སྤྲོ་གསེང་བྱ་འགུལ་ལ་འགན་སྲུང་བྱེད་པ་སོགས་གྲོས་གཞིའི་ཐད་ནས་གྲོས་བསྡུར་ཞིབ་ཏུ་བྱས་ཏེ་ཐུན་མོང་གི་ལྟ་ཚུལ་བྱུང་།

ཉིས་སྟོང་བཅུ་བཞི་ལོའི་འཛམ་གླིང་ན་གཞོན་ཚོགས་ཆེན་གྱི་ཁི་ལོན་ཕའོ་བསྒྲགས་གཏམ་ལས་བཤད་རྒྱུར། རིགས་རྒྱུད་དང་རིག་གནས། ཆོས་ལུགས། ཆབ་སྲིད། ཐ་ན་སྤྱི་ཚོགས་དང་དཔལ་འབྱོར་གྱི་རྒྱབ་ལྗོངས་མི་འདྲི་བའི་ན་གཞོན་རྣམས་ཁི་ལོན་ཕའོ་རུ་འཛོམས་ཏེ། ཉིས་སྟོང་བཅོ་ལྔ་ལོའི་རྗེས་ཀྱི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཐད་བློ་འདོན་ཇུས་འབུལ་བྱས་ནས། ན་གཞོན་གྱི་རྒྱལ་ཁབ་དང་ས་ཁུལ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཁྲོད་ཞུགས་པའི་ཚད་ཆེས་མཐོ་བའི་ཚད་དུ་བསླེབ་པར་བྱས་ཟེར།

འཛམ་གླིང་ན་གཞོན་ཚོགས་ཆེན་ནི་མིག་སྔར་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་གཞི་རྒྱ་ཆེས་ཆེ་བའི་ན་གཞོན་ཚོགས་འདུ་ཞིག་ཡིན་པ་དང་། ལོ་གཉིས་ནས་ལོ་བཞིའི་ནང་ཐེངས་རེར་སྤེལ་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག