མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་མན་དང་ཧྥ་རན་སི་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་རྒྱལ་ནང་གི་ཕྱོགས་ཁག་སོ་སོས་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-11 10:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཚེས་བཅུ་ཉིན་འཇར་མན་བྱང་ཕྱོགས་ཀྱི་ཧྲི་ཐི་ལཱ་སུང་ནས་བསྟན་དོན། ཝུའུ་ཁི་ལན་གྱི་ཙུང་ཐུང་འདེམ་བསྐོ་དེ་ས་ཁུལ་གྱི་བདེ་འཇགས་དང་ཞི་བདེ་ཐད་དོན་སྙིང་གལ་ཆེན་ཡོད་པ་དང་། ཝུའུ་ཁི་ལན་རྒྱལ་ནང་གི་ཕྱོགས་ཁག་སོ་སོས་ཞི་བའི་གྲོས་མོལ་བྱེད་དགོས་ཟེར།

འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་དང་མཉམ་དུ་ཝུའུ་ཁི་ལན་གྱི་གནས་བབ་ཐད་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ་མཉམ་འབྲེལ་གསལ་སྒྲོག་སྤེལ། གསལ་སྒྲོག་ལས་བཤད་རྒྱུར། ཟླ་འདིའི་ཚེས་ཉེར་ལྔ་ཉིན་སྤེལ་བར་ཐག་བཅད་ཡོད་པའི་ཝུའུ་ཁི་ལན་གྱི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དེ་གནས་བབ་བརྟན་འཇགས་ཡོང་བར་དོན་སྙིང་གལ་ཆེན་ལྡན། གལ་ཏེ་འདེམ་བསྐོའི་བྱ་འགུལ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་མ་ཐོབ་ན། ཝུའུ་ཁི་ལན་གྱི་བརྟན་འཇགས་ལ་སྔར་ལས་ལྷག་པའི་གཏོར་བརླག་ཐེབས་སྲིད་པས། འཇར་མན་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱིས་གནས་ཚུལ་འདི་འདྲའི་འོག་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་ད་རུང་ཝུའུ་ཁི་ལན་སྲིད་གཞུང་དང་རྒྱལ་ནང་གི་ས་ཁུལ་སོ་སོའི་འཐུས་མིས་གང་མགྱོགས་ཀྱིས་ཚེས་ཉེར་ལྔའི་སྔོན་གྲོས་མོལ་བྱས་ཏེ་དྲག་ཤུགས་བསྐྱུར་བར་ཁས་ལེན་དམ་བཅའ་བྱེད་དགོས་པའི་འབོད་སྐུལ་བཏང་།

མའོ་ཁི་ཨར་གྱིས་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སི་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ས་ཁུལ་རེ་འགས་དམངས་ཡོངས་ཀྱི་བརྡས་གཅོད་བྱ་འགུལ་རྗེས་སུ་སྣུར་བའི་གྲོས་གཞི་བཏོན་པ་སོགས་ཝུའུ་ཁི་ལན་གྱི་གནས་བབ་ཞི་འཇགས་སུ་གཏོང་བར་འབད་བརྩོན་བྱས་ཟེར། ཁོ་མོས་བསྟན་དོན། ཕུའུ་ཅིན་གྱིས་ཛ་དྲག་གི་གནས་བབ་ཐག་གཅོད་བྱེད་པར་བརྡ་མང་བོ་བཏང་ཡོད་ཟེར། ཨོ་ལིང་ཏི་ཡིས་བསྟན་དོན། ཕྱོགས་གཉིས་ཀྱི་མཉམ་འབྲེལ་གསལ་སྒྲོག་གི་དམིགས་ཡུལ་ནི་ཕྱོགས་སོ་སོས་ཆབ་སྲིད་གྲོས་མོལ་བྱེད་པར་ཡར་སྐུལ་བྱེད་པའི་ཆེད་དུ་ཡིན་ཟེར།

ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་གནས་བབ་ཉེ་སྔོན་ཡང་བསྐྱར་ཇེ་སྡུག་ཏུ་སོང་། ཏོན་ནེ་ཚི་ཁི་ཀྲིག་དང་ལུའུ་ཀན་སི་ཁི་ཀྲིག་གི་དམངས་ཁྲོད་དྲག་ཆས་པས་ཟླ་བཞི་བའི་ཟླ་མགོར་ཁྱབ་སྒྲོག་བྱས་དོན། ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན་ས་ཁུལ་གྱི་མ་འོངས་པའི་གོ་གནས་གནད་དོན་ཐད་ནས་དམངས་ཡོངས་ཀྱི་བརྡས་གཅོད་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག