མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཤ་ཡཱ་ཤར་ལྷོ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོས་ཨེ་ཤ་ཡཱ་ཤར་ལྷོ་མནའ་འབྲེལ་གྱིས་དུས་ལྟར་ཐུན་མོང་ཚོགས་པ་འཛུགས་རྒྱུ་ཡིན་པར་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-11 10:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཤ་ཡཱ་ཤར་ལྷོ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ལོས་ལིང་མེན་གྱིས་ཚེས་བཅུ་ཉིན་འབར་མའི་རྒྱལ་ས་ནེ་པུས་ཏུའུ་ནས་བསྟན་དོན། ཨེ་ཤ་ཡཱ་ཤར་ལྷོ་མནའ་འབྲེལ་གྱི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པའི་ཇུས་གཞིའི་བརྒྱ་ཆའི་བརྒྱད་ཅུ་མིག་སྔར་ཡོངས་འགྲུབ་བྱས་པ་དང་། ཨེ་ཤ་ཡཱ་ཤར་ལྷོ་མནའ་འབྲེལ་གྱིས་ཉིས་སྟོང་བཅོ་ལྔ་ལོའི་ལོ་མཇུག་བར་དུ་ཐུན་མོང་ཚོགས་པ་འཛུགས་པར་ཡིད་ཆེས་ཆེན་པོ་ཡོད་ཟེར།

ལོས་ལིང་མེན་གྱིས་ཉིན་དེར་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨེ་ཤ་ཡཱ་ཤར་ལྷོ་མནའ་འབྲེལ་གྱིས་ཉིས་སྟོང་དགུ་ལོ་ནས་བཟུང་ཐུན་མོང་ཚོགས་པའི་འཆར་གཞི་ལག་བསྟར་བྱེད་མགོ་བརྩམས་པ་ཡིན་ལ། ད་ལྟའི་བར་དུ་བརྒྱ་ཆའི་བརྒྱད་ཅུ་ཡོངས་འགྲུབ་བྱས་ཡོད་པས་དུས་ཚོད་ལ་བྲེལ་བ་ཆེན་པོ་མེད་ཟེར།

ཁོས་བཤད་རྒྱུར། སྤྱི་ཕྱོགས་ནས་བཤད་ན། ཨེ་ཤ་ཡཱ་ཤར་ལྷོ་མནའ་འབྲེལ་གྱི་ཐུན་མོང་ཚོགས་པའི་འཛུགས་སྐྲུན་གནས་ཚུལ་བདེ་བླག་ཡིན་པ་དང་། ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་གཉིས་པར་དུས་ལྟར་ཐུན་མོང་ཚོགས་པ་འཛུགས་ཐུབ་པར་ང་ཚོར་ཡིད་ཆེས་ཆེན་པོ་ཡོད་ཟེར།

ཨེ་ཤ་ཡཱ་ཤར་ལྷོ་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་ཉེར་བཞི་བ་ཚེས་བཅུ་ཉིན་ནེ་པུས་ཏུའུ་ནས་ཚོགས་པ་དང་། ཨེ་ཤ་ཡཱ་ཤར་ལྷོ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་བཅུའི་མགོ་ཁྲིད་པ་དང་འཐུས་མིས་ཨེ་ཤ་ཡཱ་ཤར་ལྷོ་མནའ་འབྲེལ་གྱི་ཐུན་མོང་ཚོགས་པའི་འཛུགས་སྐྲུན་ལ་ཡར་སྐུལ་བྱེད་པ་དང་། ཕྱི་ནང་མཉམ་འབྲེལ་བྱེད་པར་ཤུགས་སྣོན་པ་སོགས་ཨེ་ཤ་ཡཱ་ཤར་ལྷོ་མནའ་འབྲེལ་གྱི་འཕེལ་རྒྱས་ལ་འབྲེལ་བའི་གྲོས་གཞིའི་ཐད་ནས་གྲོས་བསྡུར་བྱེད་རྒྱུ་རེད།

ཨེ་ཤ་ཡཱ་ཤར་ལྷོ་མནའ་འབྲེལ་དེ་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོར་བཙུགས་པ་དང་། དེའི་ཁོངས་གཏོགས་རྒྱལ་ཁབ་ལ་ཧིན་རྡུ་ཉི་ཞི་ཡཱ་དང་། ཐེ་གོ། སིང་ག་ཕོར། ཧྥེ་ལེ་པེན། ཝུན་ལེ། མཱ་ལེ་ཞི་ཡཱ། ཡའོ་ནན། ལའོ་ཝའོ། ཁམ་པོ་རྫ། འབར་མ་བཅས་ཡོད། ཨེ་ཤ་ཡཱ་ཤར་ལྷོ་མནའ་འབྲེལ་གྱིས་ཉིས་སྟོང་བཅོ་ལྔ་ལོར་ཆབ་སྲིད་བདེ་འཇགས་ཐུན་མོང་ཚོགས་པ་དང་། དཔལ་འབྱོར་ཐུན་མོང་ཚོགས་པ། སྤྱི་ཚོགས་རིག་གནས་ཐུན་མོང་ཚོགས་པ་བཅས་རྨང་གཞིར་བྱས་པའི་ཐུན་མོང་ཚོགས་པ་འཛུགས་རྒྱུའི་འཆར་གཞི་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག