ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕོ་ལན་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། འཚམས་འདྲིར་ཡོང་བའི་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ལོ་ཙོ་ཡིས་ཉིན་དེར་ཕོ་ལན་གྱི་ཙུང་ལི་ཐུའུ་སི་ཁི་དང་མཉམ་དུ་ནུས་ཁུངས་མནའ་འབྲེལ་གྱི་ཇུས་གཞི་དང་ཝུའུ་ཁི་ལན་གྱི་གནས་བབ་སོགས་གནད་དོན་ལ་གྲོས་མོལ་བྱས།
ཐུའུ་སི་ཁི་ཡིས་བཏོན་པའི་ནུས་ཁུངས་མནའ་འབྲེལ་ཇུས་གཞིའི་དམིགས་ཡུལ་ནི། ཡོ་རོབ་གླིང་མནའ་འབྲེལ་གྱི་ནུས་ཁུངས་བདེ་འཇགས་ཇེ་མཐོར་གཏོང་བའི་ཆེད་དུ་ཡིན་ཞིང་། ནང་དོན་གཙོ་བོར་ཡོ་རོབ་གླིང་མནའ་འབྲེལ་གྱི་མིང་བཟུང་སྟེ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་ཕྱོགས་ནུས་ཁུངས་མཁོ་འདོན་ཕྱོགས་ཁག་བར་གཅིག་གྱུར་གྲོས་མོལ་བྱེད་པ་དང་། ཁོངས་གཏོགས་རྒྱལ་ཁབ་ཀྱི་ནུས་ཁུངས་མཁོ་འདོན་གློ་བུར་དུ་མཚམས་ཆད་པའི་སྐབས་ཀྱི་མཐུན་སྒྲིལ་ནང་རྐྱེན་ལ་ཤུགས་སྣོན་པ། ཡོ་རོབ་གླིང་མནའ་འབྲེལ་གྱི་མ་དངུལ་ཚད་ཆེན་པོའི་སྒོ་ནས་བེད་སྤྱོད་བྱས་ཏེ་ནུས་ཁུངས་སྒྲིག་ཆས་རྒྱ་བསྐྱེད་པ། ཚད་ཆེན་པོའི་སྒོ་ནས་ཡོ་རོབ་གླིང་མནའ་འབྲེལ་ནང་ཁུལ་གྱི་སོལ་གཏེར་ཐོན་ཁུངས་བེད་སྤྱོད་བྱེད་པ། ཡོ་རོབ་གླིང་མནའ་འབྲེལ་མ་གཏོགས་པའི་མཁོ་འདོན་ཐབས་ལམ་གསར་བ་འཚོལ་ཞིབ་བྱས་ཏེ་ཡོ་རོབ་གླིང་མནའ་འབྲེལ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ནུས་ཁུངས་བདེ་འཇགས་ལ་ཁག་ཐེག་བྱེད་པ་བཅས་འདུ།
ཕོ་ལན་གྱི་ཙུང་ཐུང་ཁི་མའོ་ལོ་ཧྥུའུ་སི་ཅི་ཡིས་ཉིན་དེར་པཱ་ལོ་ཙོ་ལ་ཐུག་འཕྲད་བྱས་ཏེ། གཙོ་བོ་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས། པཱ་ལོ་ཙོ་ཡིས་གསར་འགྱུར་ལས་རིགས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཕོ་ལན་རྒྱལ་ཁབ་ཡོ་རོབ་གླིང་མནའ་འབྲེལ་དུ་ཞུགས་རྗེས་བཏོན་པའི་ནུས་པ་གལ་ཆེན་ལ་གདེང་འཇོག་ཆེན་པོ་བྱས། །