མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་མྱུར་དུ་ཤར་ལྷོའི་ས་ཁུལ་གྱི་གྲོས་མོལ་མགོ་རྩོམ་དགོས་པར་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-10 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་དགུ་ཉིན་བསྟན་དོན། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་མཐུན་སྦྱོར་འོག ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་གང་མགྱོགས་ཀྱིས་ཤར་ལྷོའི་ས་ཁུལ་གྱི་འཐུས་མི་དང་མཉམ་དུ་རྩ་ཁྲིམས་བཟོ་བཅོས་སོགས་གནད་དོན་ཐད་ནས་གྲོས་མོལ་བྱེད་མགོ་རྩོམ་དགོས་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ལ་ཁ་པར་གཏོང་སྐབས་གོང་གི་བསམ་ཚུལ་དེ་བསྟན་པ་རེད། ཁོ་གཉིས་ཀྱིས་ཁ་པར་གཏོང་སྐབས་ཨུ་རུ་སི་དང་ཨ་མེ་རི་ཁ། ཡོ་རོབ་གླིང་མནའ་འབྲེལ། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་བཅས་ཀྱིས་ཇི་ལྟར་མཉམ་དུ་འབད་བརྩོན་བྱས་ཏེ་ཝུའུ་ཁི་ལན་རྒྱལ་ནང་གི་ཉམས་ཉེན་ཐག་གཅོད་བྱེད་པར་གྲོས་བསྡུར་བྱས།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞི། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་དང་ཕྱི་འབྲེལ་བློན་ཆེན་པའོ་ཁི་ཧཱ་ཨར་ཐི་ཡིས་ལམ་ཐིག་འཆར་གཞི་ཞིག་བཏོན་ཡོད་པ་དང་། དམིགས་ཡུལ་ནི་ཟླ་བཞི་བའི་ཚེས་བཅུ་བདུན་ཉིན་རི་ནེ་ཝ་ནས་བསྡུས་པའི་ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་ནས་བཀོད་པའི་ཡིག་ཆ་དངོས་འབེབ་བྱེད་པའི་ཆེད་ཡིན། ཨ་མེ་རི་ཁས་ལམ་ཐིག་འཆར་གཞི་དེར་རྒྱབ་སྐྱོར་བྱེད་བཞིན་ཡོད་པའི་དབང་གིས། ཨུ་རུ་སི་ཡིས་ཨ་མེ་རི་ཁས་ཅི་ཧྥུའུ་དབང་འཛིན་ལས་ཁུངས་ལ་གནོན་ཤུགས་བྱིན་ཏེ་ཝུའུ་ཁི་ལན་ཤར་ལྷོའི་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་མཚམས་འཇོག་པ་དང་ཆབ་སྲིད་ཉེས་ཅན་ཕྱིར་གཏོང་བ། རྔམ་སྟོན་ཁྲོམ་སྐོར་ལ་ཞུགས་མཁན་སྲོག་ཐར་ལ་གཏོང་བར་སྐུལ་མ་བྱེད་རྒྱུའི་རེ་བ་བཅངས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག