མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ནེ་ཀྲི་རི་ཡཱའི་འཇིགས་སྐུལ་འཇབ་རྒོལ་དང་བུད་མེད་སློབ་མ་བཙན་ཁྲིད་བྱས་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-10 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་དགུ་ཉིན་གསར་འགྱུར་གསལ་བསྒྲགས་སྤེལ་ཏེ། ནེ་ཀྲི་རི་ཡཱ་ནས་ཉེ་སྔོན་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དང་བུད་མེད་སློབ་མ་བཙན་ཁྲིད་བྱས་པའི་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། བཙན་ཁྲིད་བྱས་པའི་བུད་མེད་སློབ་མ་མྱུར་དུ་ཕྱིར་གཏོང་དགོས་པའི་རེ་བ་བཏོན།

གསལ་བསྒྲགས་ལས་བཤད་རྒྱུར། ཆོས་ལུགས་ཐལ་སྤྱོད་རྩ་འཛུགས་པའོ་ཁི་གནས་མཆོག་ཅེས་པས་ཚེས་ལྔ་ཉིན་ནེ་ཀྲི་རི་ཡཱའི་པའོ་ཨར་ནོའུ་ཀྲིག་གི་ཀན་པའོ་ལུའུ་ཨིན་ཅཱ་ལཱ་གྲོང་རྡལ་དུ་འཇིགས་སྐུལ་འཇབ་རྒོལ་བྱས་ཏེ། མི་བརྒྱ་ཕྲག་འགར་ཤི་རྨས་བཟོས་པས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཁ་ཚིག་དྲག་པོས་དོན་དེར་རྒོལ་གཏམ་བཏང་བ་དང་། ཞོར་དུ་གནོད་འཚེ་ཐེབས་པའི་ཁྱིམ་མི་དང་ནེ་ཀྲི་རི་ཡཱའི་སྲིད་གཞུང་དང་མི་དམངས་ལ་འཚམས་འདྲི་བྱས་པར་མ་ཟད། རྨས་མ་དག་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས་པ་ཡིན་ཟེར།

གསལ་བསྒྲགས་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ནེ་ཀྲི་རི་ཡཱ་ནས་ཉེ་སྔོན་ཐེངས་གཉིས་བྱུང་བའི་བུད་མེད་སློབ་མ་བཙན་ཁྲིད་བྱས་པའི་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། ཆ་རྐྱེན་ཅི་ཡང་མེད་པར་བཙན་ཁྲིད་བྱས་པའི་བུད་མེད་སློབ་མ་ཚང་མ་ཕྱིར་གཏོང་དགོས་པའི་རེ་བ་བཏོན་པར་མ་ཟད། པའོ་ཁི་གནས་མཆོག་གིས་བུད་མེད་སློབ་མ་དག་འཚོང་སྲིད་པའི་འཇིགས་སྐུལ་གཏམ་བཤད་སྤེལ་བར་སེམས་ཁུར་བྱེད་བཞིན་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ནེ་ཀྲི་རི་ཡཱའི་སྲིད་གཞུང་གིས་བུད་མེད་སློབ་མ་དག་བདེ་འཇགས་ངང་ཕྱིར་གཏོང་བར་འབད་བརྩོན་བྱས་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེར་རོགས་རམ་བྱས་པར་དགའ་བསུ་ཞུས་པ་ཡིན་ལ། ཞོར་དུ་ད་རུང་རྒྱལ་སྤྱིའི་སྤྱི་ཚོགས་དང་ཁྱད་པར་དུ་ས་ཁུལ་དེའི་རྒྱལ་ཁབ་དག་གི་སྲིད་གཞུང་གིས་དོན་དེའི་ཐད་ནས་ནེ་ཀྲི་རི་ཡཱའི་དབང་འཛིན་ལས་ཁུངས་ལ་མཉམ་ལས་ཟབ་མོ་བྱེད་དགོས་པའི་འབོད་སྐུལ་བཏང་བ་ཡིན་ཟེར།

གསལ་བསྒྲགས་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འགྲོ་མིའི་ཐོབ་ཐང་ལ་གནོད་པ་དང་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་གང་རུང་ལ་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་པ་དང་། དེའི་ནང་བཙན་གཡེམ་དང་བཙན་ཁྲིད། སློབ་གྲྭ་དང་སྨན་ཁང་གི་མི་སྣར་འཇབ་རྒོལ་བྱེད་པ་སོགས་འདུ་ཟེར།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ནན་གྱིས་བསྟན་དོན། བྱ་སྤྱོད་དེ་རིགས་ལག་བསྟར་མཁན་ལ་ངེས་པར་དུ་རྒྱལ་ཁབ་དང་རྒྱལ་སྤྱིའི་རིམ་པ་ནས་འགན་འཁྲི་རྩད་གཅོད་བྱེད་དགོས་ཟེར། རྒྱལ་སྤྱིའི་བཅའ་ཁྲིམས་ལྟར་ན། དེའི་ནང་གི་བྱ་སྤྱོད་ཁག་ཅིག་གིས་མིའི་རིགས་ལ་རྒོལ་བའི་ནག་ཉེས་གྲུབ་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག