མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་པའོ་ལོ་ཏི་རྒྱ་མཚོ་ས་ཁུལ་ནས་དམག་དོན་འགུལ་སྐྱོད་ཐེངས་གསུམ་སྤེལ་ཏེ་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-10 10:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟུར་ལྔའི་ཐོག་ཁང་ཆེན་མོས་ཚེས་བརྒྱད་ཉིན་པའོ་ལོ་ཏི་རྒྱ་མཚོ་ས་ཁུལ་ནས་དམག་དོན་འགུལ་སྐྱོད་ཐེངས་གསུམ་སྤེལ་ཏེ་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་རྒྱུ་ཁྱབ་བསྒྲགས་བྱས། དེའི་ནང་ཨ་མེ་རི་ཁ་དང་ཨེ་སོ་ནི་ཡཱ་མཉམ་དུ་ཞུགས་པའི་དཔྱིད་ཀའི་དྲག་རླུང་ཞེས་པའི་དམག་དོན་སྦྱོང་བརྡར་དེ་གཟའ་འཁོར་འདིའི་ནང་སྤེལ་མགོ་བརྩམས་ཟེར།

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཝོ་ལོན་གྱིས་ཚེས་བརྒྱད་ཉིན་གནས་ཚུལ་དེ་ཁྱབ་བསྒྲགས་བྱས་པ་རེད། ཁོས་བསྟན་དོན། ཨ་མེ་རི་ཁས་དམག་མི་ཞེ་གཅིག་དཔྱིད་ཀའི་དྲག་རླུང་ཞེས་པའི་དམག་དོན་སྦྱོང་བརྡར་ནང་ཞུགས་པར་མངག་གཏོང་བྱས་ཡོད་པ་དང་། ཨ་མེ་རི་ཁས་ད་རུང་བྱང་ཆིངས་རྩ་འཛུགས་ཀྱི་མནའ་མཐུན་གྲོགས་པོའི་བར་མེ་དབལ་དང་ཡཱ་མེ་སི་ཞེས་པའི་དམག་དོན་སྦྱོང་བརྡར་ཐེངས་གཉིས་སྤེལ་རྒྱུ་ཡིན་ལ། ཨ་མེ་རི་ཁའི་དམག་དཔུང་གིས་དམག་མི་བརྒྱ་དང་བཞི་བཅུ་མེ་དབལ་ཞེས་པའི་དམག་དོན་སྦྱོང་བརྡར་ལ་ཞུགས་པར་མངག་རྒྱུ་རེད་ཟེར།

ཝོ་ལོན་གྱིས་བཤད་རྒྱུར། བསྟུད་མར་དམག་དོན་སྦྱོང་བརྡར་ཐེངས་གསུམ་སྤེལ་བ་ལས་གཞན། ཨ་མེ་རི་ཁའི་དམག་དཔུང་གིས་ད་རུང་ལི་ཐའོ་ཝན་དང་། ལཱ་ཐོ་ཝེ་ཡཱ། ཨེ་སོ་ནི་ཡཱ། ཕོ་ལན། ཧྥུན་ལན། ནོར་ཝེ། སུའེ་ཏེན་སོགས་རྒྱལ་ཁབ་ཀྱི་དམག་དཔུང་བར་བརྗེ་རེས་དང་མཉམ་འབྲེལ་སྦྱོང་བརྡར་སྤེལ་ཏེ། བྱང་ཆིངས་རྩ་འཛུགས་ཀྱི་མནའ་མཐུན་རྒྱལ་ཁབ་ཀྱི་མཉམ་ལས་འཐབ་རྩལ་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་ཡིན་ཟེར།

དེའི་ཞོར་དུ་མཚོ་ནག་ཏུ་ཡོད་པའི་ཨ་མེ་རི་ཁའི་འཕུར་མདའི་འགོག་སྲུང་གྲུ་གཟིངས་ཐེ་ལེ་རྟགས་ཅན་གྱིས་ཚེས་བརྒྱད་ཉིན་ཀི་ལུའུ་ཅི་ཡཱ་རུ་འཚམས་འདྲི་བྱས་པ་དང་། ཝོ་ལོན་གྱིས་ཐེ་ལེ་རྟགས་ཅན་གྱིས་ཀི་ལུའུ་ཅི་ཡཱའི་མཚོ་འགྲམ་ཉེན་སྲུང་རུ་ཁག་བར་མཉམ་འབྲེལ་སྦྱོང་བརྡར་སྤེལ་རྒྱུ་རེད་ཟེར།

ཟླ་ལྔ་བའི་ཟླ་མགོའི་ཚུན་ལ། ཝུའུ་ཁི་ལན་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར་བ་དང་། ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཏོན་ནེ་ཚི་ཁི་དང་ལུའུ་ཀན་སི་ཁི་ཡི་ཁ་བྲལ་རྩ་འཛུགས་ཀྱིས་ཚེས་བཅུ་གཅིག་ཉིན་རང་བཙན་བརྡས་ཐག་གཅོད་རྒྱུ་ཁྱབ་བསྒྲགས་བྱས། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བདུན་ཉིན་ཀྲིག་དེ་གཉིས་ཀྱིས་དམངས་ཡོངས་ཀྱི་བརྡས་གཅོད་རྗེས་སུ་སྣུར་ནས། ཅི་ཧྥུའུ་དབང་འཛིན་ལས་ཁུངས་ཀྱིས་གྲོས་མོལ་བྱེད་པར་ཆ་རྐྱེན་བསྐྲུན་དགོས་པའི་འབོད་སྐུལ་བཏང་ཡང་། ཀྲིག་དེ་གཉིས་ཀྱིས་བརྡས་གཅོད་བྱ་འགུལ་རྗེས་སུ་སྣུར་བར་ཁས་ལེན་མ་བྱས། ཕུའུ་ཅིན་གྱིས་ད་རུང་བཀའ་རྒྱ་བཏང་སྟེ་ཨུ་རུ་སིའི་དམག་དཔུང་རྒྱལ་མཚམས་ནས་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན་ཡོད་པར་བཤད་ཀྱང་། ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱིས་ཨུ་རུ་སིའི་དམག་དཔུང་གི་ཝུའུ་ཁི་ལན་མཐའ་མཚམས་ཀྱི་བཀོད་སྒྲིག་ལ་འགྱུར་ལྡོག་ཅི་ཡང་བྱུང་མེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག