མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་དང་ཧྥ་རན་སི་དང་འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཁ་པར་ལས་ཝུའུ་ཁི་ལན་གྱི་ཉམས་ཉེན་ལ་གྲོས་བསྡུར་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-09 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བརྒྱད་ཉིན་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐད་ནས་སོ་སོར་ཧྥ་རན་སི་དང་འཇར་མན་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་ལ་ཁ་པར་བཏང་། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། རྩ་ཁྲིམས་བཅོས་བསྒྱུར་ཐད་ནས་རྒྱལ་ཡོངས་ཀྱི་གྲོས་མོལ་མ་སྤེལ་བར་ཝུའུ་ཁི་ལན་གྱི་ཙུང་ཐུང་འདེམ་བསྐོ་བྱས་ཀྱང་དོན་སྙིང་ཅི་ཡང་མེད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ཧྥ་པུས་ཡུག་སི་ལ་ཁ་པར་གཏོང་སྐབས་བཤད་རྒྱུར། ཅི་ཧྥུའུ་སྲིད་དབང་གིས་མྱུར་མོར་རྒྱལ་ཁབ་རང་གི་མི་དམངས་ལ་དྲག་ཤུགས་སྤེལ་མཚམས་བཞག་སྟེ། གང་མགྱོགས་ཀྱིས་དྲང་བདེན་དང་ཆབ་སྲིད་སྟོབས་ཤུགས་ཚང་མ་དང་ས་ཁུལ་སོ་སོའི་ཁེ་ཕན་ལ་བསམ་བློ་བཏང་ནས། རྩ་ཁྲིམས་བཅོས་བསྒྱུར་གྱི་རྒྱལ་ཡོངས་གྲོས་མོལ་སྤེལ་དགོས། དེ་ལྟ་མིན་ཚེ་ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན་སྤེལ་བའི་འཆར་གཞི་ཡོད་པའི་ཝུའུ་ཁི་ལན་གྱི་ཙུང་ཐུང་འདེམ་བསྐོ་ལ་དོན་སྙིང་ཅི་ཡང་མེད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ནན་གྱིས་བསྟན་དོན། ཨུ་རུ་སི་རྒྱལ་ཁབ་ཀྱིས་ཟླ་ལྔ་བའི་ཚེས་གཉིས་ཉིན་ཝུའུ་ཁི་ལན་གྱི་ཨོ་ཏི་སཱ་ནས་བྱུང་བའི་དམར་གསོད་དོན་རྐྱེན་ལ་རྟོག་ཞིབ་བྱས་ཏེ་ནག་ཉེས་བཟོ་མཁན་ལ་ཆད་གཅོད་ནན་མོ་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

ཧྥ་པུས་ཡུག་སི་ཡིས་ཁ་པར་གཏོང་སྐབས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བདུན་ཉིན་ཝུའུ་ཁི་ལན་གྱི་ཤར་ལྷོའི་ས་ཁུལ་གྱི་དམངས་ཡོངས་ཀྱིས་བརྡས་ཐག་གཅོད་པའི་བྱ་བ་རྗེས་སུ་སྣུར་དགོས་པའི་རྣམ་འགྱུར་བསྟན་པར་དགའ་བསུ་ཞུས་པ་དང། ཕུའུ་ཅིན་གྱི་རྣམ་འགྱུར་དེ་ཝུའུ་ཁི་ལན་གྱི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་བར་ཕན་ཐོགས་ཆེན་པོ་ཡོད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཧྲི་ཐེ་ཡུན་མེད་ཨར་ལ་ཁ་པར་གཏོང་སྐབས་བཤད་རྒྱུར། ཝུའུ་ཁི་ལན་གྱིས་མྱུར་དུ་དྲག་ཤུགས་སྤྱོད་མཚམས་བཞག་སྟེ། བྱེ་བྲག་གི་བྱེད་ཐབས་སྤྱད་ནས་ཁྲིམས་འགལ་གྱི་དྲག་ཆས་སྟོབས་ཤུགས་དང་ཚོགས་ཁག་མེད་པར་གཏོང་བ་ནི་པའོ་ཁི་ཧཱ་ཨར་ཐི་ཡིས་བཏོན་པའི་ཉམས་ཉེན་ཐག་གཅོད་བྱེད་པའི་གྲོས་གཞི་ལ་གྲུབ་འབྲས་འབྱུང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་ཟེར། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཅི་ཧྥུའུ་སྲིད་དབང་གིས་ཕུའུ་ཅིན་དང་པའོ་ཁི་ཧཱ་ཨར་ཐི་གཉིས་ཀྱི་གྲོས་མོལ་མཇུག་འབྲས་ལ་བཅངས་པའི་རྣམ་འགྱུར་ལ་སེམས་ཁུར་བྱེད་བཞིན་ཡོད་ཟེར། དོན་དམ་དུ་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་བཟོད་སྒོམ་རང་བཞིན་གྱི་རྒྱལ་ཡོངས་གྲོས་མོལ་གྱི་མདུན་ལྗོངས་ལ་དོགས་པ་ཟ་བཞིན་ཡོད་ཟེར། ལཱ་ཧྥུའུ་ལོ་ཧྥུའུ་དང་ཧྲི་ཐེ་ཡུན་མེད་ཨར་གཉིས་ཀྱིས་ངེས་པར་དུ་བྱེད་ཐབས་ནུས་ལྡན་སྤྱད་དེ་པའོ་ཁི་ཧཱ་ཨར་ཐི་ཡི་གྲོས་གཞིར་གཏོར་བརླག་མི་ཐེབས་པར་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག