ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ནས་ཚེས་བརྒྱད་ཉིན་གྲོས་ཆོད་ཅིག་བཀོད་དེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཁོར་ཡུག་ཐོན་རྫས་དང་ཞབས་ཞུའི་ཉོ་ཚོང་རང་དབང་ཅན་ཁྱབ་གདལ་དུ་གཏོང་བར་འབད་བརྩོན་བྱེད་རྒྱུ་བསྐྱར་བསྒྲགས་བྱས་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་སྔ་མོ་ནས་འབྲེལ་ཡོད་གྲོས་མོལ་མགོ་རྩོམ་དགོས་པ་ནན་བཤད་བྱས། དེ་ནི་ཁོར་ཡུག་ཐོན་རྫས་ཀྱི་རང་དབང་ཅན་གྱི་ཕྱོགས་མང་བོའི་དམིགས་འབེན་དེ་མངོན་འགྱུར་བྱེད་པའི་གོ་རིམ་དང་པོ་ཡིན།
གྲོས་ཆོད་ལས་བསྟན་དོན། ཁོར་ཡུག་ཐོན་རྫས་དང་ཞབས་ཞུའི་ཉོ་ཚོང་རང་དབང་ཅན་དེ་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་གྲོས་རིམ་ལ་ཡར་སྐུལ་གཏོང་བ་དང་། ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་འགུལ་སྐྱོད། དཔལ་འབྱོར་འཕར་སྣོན་དང་ལས་ཞུགས་ལ་ཡར་སྐུལ་བྱེད་པ་བཅས་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན། ཡོ་རོབ་གླིང་མནའ་འབྲེལ་གྱིས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་འབྲེལ་ཡོད་ཁོངས་གཏོགས་རྒྱལ་ཁབ་དང་མཉམ་དུ་དམིགས་འབེན་དེར་མཉམ་དུ་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།
ཡོ་རོབ་གླིང་མནའ་འབྲེལ་དང་ཨ་མེ་རི་ཁ། ཀྲུང་གོ་བཅས་འདུས་པའི་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བཅུ་བཞི་ཡིས་ད་ལོའི་ཟླ་དང་པོར་ཏཱ་བོ་སི་ནས་མཉམ་དུ་ཁོར་ཡུག་ཐོན་རྫས་དང་ཞབས་ཞུའི་ཉོ་ཚོང་གྲོས་མོལ་གྱི་འཕེལ་རིམ་མགོ་བརྩམས་ཏེ། ཁོར་ཡུག་ཐོན་རྫས་ཀྱི་སྒོ་ཁྲལ་དང་ཉོ་ཚོང་གི་བཀག་རྒྱ་གཞན་པ་ཇེ་དམའ་རུ་གཏོང་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས།
ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཉིས་སྟོང་བཅུ་གཉིས་ལོའི་ཟླ་ལྔ་བར་གསལ་བསྒྲགས་སྤེལ་ཏེ་མིག་སྔར་འཛམ་གླིང་ཡོངས་ཀྱི་ཁོར་ཡུག་ཐོན་རྫས་དང་ཞབས་ཞུའི་ཚོང་རའི་རིན་ཐང་ལོ་རེར་ཡོ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་ཙམ་ཡིན་པ་དང་། ཉིས་སྟོང་ཉི་ཤུ་ལོར་ཐོན་དུས་ལྡབ་གཅིག་འཕར་སྣོན་འབྱུང་སྲིད་པར་ཚོད་དཔག་བྱས། །