མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོས་ཕོ་ལན་དུ་འཚམས་འདྲི་བྱས་ཏེ་དམག་དོན་གྲོན་དངུལ་ཇེ་མང་དུ་གཏོང་བའི་གནད་དོན་ལ་གྲོས་བསྡུར་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-09 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕོ་ལན་གསར་འགྱུར་ལས་རིགས་ཀྱིས་ཚེས་བརྒྱད་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཕོ་ལན་དུ་འཚམས་འདྲི་བྱེད་བཞིན་པའི་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལཱ་སི་མུའུ་སིན་གྱིས་ཉིན་དེར་ཕོ་ལན་གྱི་ཙུང་ཐུང་ཁི་མའོ་ལོ་ཧྥུའུ་སི་ཅི་དང་། ཙུང་ལི་ཐུའུ་སི་ཁི་གཉིས་ལ་གྲོས་མོལ་བྱས་ཏེ། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་དམག་དོན་གྲོན་དངུལ་ཇེ་མང་དུ་གཏོང་བའི་གནད་དོན་ལ་གྲོས་བསྡུར་བྱས།

ཁི་མའོ་ལོ་ཧྥུའུ་སི་ཅི་ཡིས་བཤད་རྒྱུར། མིག་སྔར་ཕོ་ལན་གྱི་དམག་དོན་གྲོན་དངུལ་གྱིས་རྒྱལ་ནང་གི་སྤྱིའི་ཐོན་རིན་གྱི་བརྒྱ་ཆའི་གཅིག་དང་གྲངས་ཆུང་དགུ་ལྔ་ཟིན་ཡོད་ལ། ཁོས་སྲིད་གཞུང་དང་མཉམ་དུ་བསྡུར་ཚད་དེ་བརྒྱ་ཆའི་གཉིས་ལ་ཇེ་མཐོར་གཏོང་བའི་དགོས་པ་ཡོད་མེད་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

ཁི་མའོ་ལོ་ཧྥུའུ་སི་ཅི་ཡིས་བཤད་རྒྱུར། ཕོ་ལན་གྱིས་བྱང་ཆིངས་རྩ་འཛུགས་ཀྱི་སྟོན་ཁའི་མཐོ་རིམ་གྲོས་ཚོགས་སྟེང་བྱང་ཆིངས་རྩ་འཛུགས་ཀྱིས་ཁོངས་གཏོགས་རྒྱལ་ཁབ་ཀྱི་མངའ་ཁོངས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་གནད་དོན་འདོན་རྒྱུ་ཡིན་ཟེར། ཁོས་བལྟས་ན་ཁོངས་གཏོགས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་ནི་བྱང་ཆིངས་རྩ་འཛུགས་ཀྱི་ལས་འགན་དང་པོ་ཡིན་པར་འདོད། ཝུའུ་ཁི་ལན་གྱི་གནས་བབ་ཐད་ནས་བྱང་ཆིངས་རྩ་འཛུགས་ཀྱིས་ཕོ་ལན་ཤར་ཕྱོགས་མཐའ་མཚམས་ཀྱི་འགོག་སྲུང་ནུས་པ་རྒྱ་བསྐྱེད་དགོས་ཟེར།

ཕོ་ལན་གྱི་ཙུང་ལིའི་བཞུགས་ཤག་གི་མགྲིན་ཚབ་པ་པུའུ་ཝོ་ནེ་སི་ཁཱ་ཡིས་བཤད་རྒྱུར། ལཱ་སི་མུའུ་སིན་གྱིས་ཐུའུ་སི་ཁི་དང་མཉམ་དུ་ཝུའུ་ཁི་ལན་གྱི་གནས་བབ་དང་། བྱང་ཆིངས་རྩ་འཛུགས་ཀྱི་མཐོ་མཐོ་རིམ་གྲོས་ཚོགས་བྱང་ཆིངས་རྩ་འཛུགས་དང་ཕོ་ལན་གྱིས་སྔར་ལས་མཉམ་ལས་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཟེར།

ལཱ་སི་མུའུ་སིན་གྱིས་ཐུའུ་སི་ཁི་དང་གྲོས་མོལ་བྱས་རྗེས་བསྟན་དོན། ཝུའུ་ཁི་ལན་གྱི་ཉམས་ཉེན་ལས་འགོག་སྲུང་གནད་དོན་ནི་ཧ་ཅང་གལ་ཆེ་བ་གསལ་བོར་རྟོགས་ཐུབ་པ་དང་། ནུབ་ཀྱི་རྒྱ་མཚོ་ཆེན་མོའི་འགྲམ་གཉིས་ཀྱི་མཉམ་ལས་ནི་བྱེད་ཐབས་ཆེས་བཟང་བོ་ཞིག་ཡིན་པ་དང་། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཡིན་པའི་ཕོ་ལན་ནི་བདེ་འཇགས་ཡིན་ཟེར།

ཕོ་ལན་དུ་འཚམས་འདྲི་བྱེད་སྐབས་ལཱ་སི་མུའུ་སིན་གྱིས་ད་རུང་ཕོ་ལན་གྱི་ཕྱི་འབྲེལ་བློན་ཆེན་ཞི་ཁི་ཨར་སི་ཅི་དང་རྒྱལ་སྲུང་བློན་ཆེན་ཞེ་མའོ་ནེ་ཡཱ་ཁི་གཉིས་དང་གྲོས་མོལ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག