མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ཐེ་གོའི་ཕྱོགས་ཁག་སོ་སོས་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-08 11:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ལས་རོགས་པའི་མགྲིན་ཚབ་པ་མཱ་ཨེ་སི་ཐི་ལཱ་ཆི་ཡིས་ཚེས7ཉིན་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཐེ་གོའི་ཕྱོགས་ཁག་སོ་སོས་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་བྱས་ཏེ་དེང་སྐབས་ཀྱི་གནས་བབ་ཐག་གཅོད་བྱེད་པའི་ཇུས་གཞི་འཚོལ་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་ཟེར།

མཱ་ཨེ་སི་ཐི་ལཱ་ཆི་ཡིས་ཉིན་དེར་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་བསྡུས་པའི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཕན་ཅི་ཝུན་གྱིས་ཐེ་གོའི་རྩ་ཁྲིམས་ཁྲིམས་ཁང་གིས་ལྟ་སྐྱོང་ཙུང་ལི་དབྱིན་ལཱ་དང་ད་ལྟའི་ལྟ་སྐྱོང་སྲིད་གཞུང་གི་ཁོངས་མི་དགུའི་ལས་འགན་ལེན་པའི་ཆོད་དོན་སྤེལ་བ་ཤེས་ཡོད་པ་དང་། ཁོས་ཐེ་གོའི་ཕྱོགས་ཁག་སོ་སོས་མཉམ་དུ་འབད་བརྩོན་བྱས་ཤིང་། འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་ལ་བརྟེན་ནས་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་ཟེར། མཱ་ཨེ་སི་ཐི་ལཱ་ཆི་ཡིས་ད་རུང་བཤད་རྒྱུར། ཕན་ཅི་ཝུན་གྱིས་མུ་མཐུད་དུ་ཐེ་གོའི་གནས་བབ་ལ་དོ་སྣང་བྱེད་རྒྱུ་ཡིན་པ་དང་། ཕྱོགས་སོ་སོས་གང་ནུས་ཀྱིས་རང་ཚོད་བཟུང་ཞིང་དམངས་གཙོའི་རྩ་དོན་དང་ཁྲིམས་སྐྱོང་། འགྲོ་མིའི་ཐོབ་ཐང་བཅས་ལ་བརྩི་འཇོག་གང་ལེགས་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར།

ཐེ་གོའི་རྩ་ཁྲིམས་ཁྲིམས་ཁང་གིས་ཚེས་བདུན་ཉིན། ལྟ་སྐྱོང་ཙུང་ལི་དབྱིན་ལཱ་ཡིས་ཉིས་སྟོང་བཅུ་གཅིག་ལོར་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོའི་འགན་ཁུར་ཡོད་པའི་ཐཱ་ཝུན་གྱི་ལས་གནས་སྤོར་བ་དེ་ནི་འགན་དབང་གང་འདོད་དུ་སྤྱད་པ་དང་རྩ་ཁྲིམས་ལ་འགལ་བའི་བྱ་སྤྱོད་ཅིག་ཡིན་པས། ཉིན་དེ་ནས་ཁོ་མོའི་ལྟ་སྐྱོང་ཙུང་ལིའི་ལས་འགན་ལེན་རྒྱུ་ཐག་བཅད། ཉིན་དེར་ལྟ་སྐྱོང་ནེ་ཀི་ཡིས་ཙུང་ལི་གཞོན་པ་དང་ཚོང་དོན་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ནེ་ཝ་ཐན་ལུང་ལྟ་སྐྱོང་ཙུང་ལི་རུ་གཏན་འཁེལ་བྱས།

ཁྲིམས་ཁང་གིས་ད་རུང་ལོ་དེར་ལས་གནས་སྤོར་བའི་མི་དོན་གནད་དོན་དེར་འབྲེལ་བའི་ད་ལྟའི་ལྟ་སྐྱོང་སྲིད་གཞུང་གི་ཁོངས་མི་དགུའི་ལས་འགན་བླངས། དེའི་ནང་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་སོ་ལཱ་ཕིན་དང་། ཙུང་ལི་གཞོན་པ་དང་ནོར་སྲིད་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ཅི་ཏིས་ལེ། ཙུང་ལི་གཞོན་པ་པཱ་ཁྲ། ངལ་རྩོལ་བཟོ་བའི་པུའུ་ཀྲང་ཁྲ་ལིན་སོགས་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག