མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བྱེད་ཐབས་སྔར་ལས་མང་བོ་བཏོན་ནས་གཞི་རྒྱ་ཆེ་བའི་གསོད་རྨས་རང་བཞིན་གྱི་མཚོན་ཆ་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-08 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས7ཉིན་ཀྲུའུ་ཞིའི་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་སོ་སོས་སྔར་ལས་ཕན་ནུས་ལྡན་པའི་བྱེད་ཐབས་མང་བོ་སྤྱད་དེ་གཞི་རྒྱ་ཆེ་བའི་གསོད་རྨས་རང་བཞིན་གྱི་མཚོན་ཆ་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་དཔྱད་གླེང་ཚོགས་འདུ་སྤེལ་ཏེ། གཞི་རྒྱ་ཆེ་བའི་གསོད་རྨས་རང་བཞིན་གྱི་མཚོན་ཆ་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་པར་འབྲེལ་བའི་གྲོས་ཆོད་གཅིག་ལྔ་བཞི་ཐིག་ལ་གྲོས་འཆམ་བྱུང་ནས་ལོ་ངོ་བཅུ་འགོར་བར་རྗེས་དྲན་བྱས་པར་མ་ཟད། ཀྲུའུ་ཞིའི་གསལ་སྒྲོག་ཅིག་ལ་གཅིག་གྱུར་གྲོས་འཆམ་བྱུང་། གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིང་རྡུལ་ནུས་པའི་མཚོན་ཆ་དང་རྫས་འགྱུར་མཚོན་ཆ། སྐྱེ་དངོས་མཚོན་ཆ། དེ་མིན་སྐྱེལ་འདྲེན་ཡོ་བྱད་བཅས་རྒྱ་ཡན་དུ་སོང་ནས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་འཇིགས་ཉེན་ཐེབས་བཞིན་ཡོད་པ་དང་། འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་བཟོ་བའི་རྒྱལ་ཁབ་མིན་པའི་བྱ་སྤྱོད་སྤེལ་མཁན་ལ་ཉིང་རྡུལ་ནུས་པའི་མཚོན་ཆ་དང་རྫས་འགྱུར་མཚོན་ཆ། སྐྱེ་དངོས་མཚོན་ཆ། སྐྱེལ་འདྲེན་ཡོ་བྱད་བཅས་ཐོབ་ནས་བེད་སྤྱོད་དང་གསར་སྤེལ་བྱེད་པར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད།

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་ཁབ་ཚང་མས་བྱེད་ཐབས་སྔར་ལས་ནུས་ལྡན་སྤྱད་དེ། ཉིང་རྡུལ་ནུས་པའི་མཚོན་ཆ་དང་རྫས་འགྱུར་མཚོན་ཆ། སྐྱེ་དངོས་མཚོན་ཆ། སྐྱེལ་འདྲེན་ཡོ་བྱད་བཅས་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་རེ་བ་བཏོན་པ་དང་། རྒྱལ་ཁབ་སོ་སོས་བྱེད་ཐབས་ནུས་ལྡན་སྤྱད་དེ་རྒྱལ་ཁབ་མིན་པའི་བྱ་སྤྱོད་སྤེལ་མཁན་ལ་གཞི་རྒྱ་ཆེ་བའི་གསོད་རྨས་རང་བཞིན་གྱི་མཚོན་ཆ་དང་སྐྱེལ་འདྲེན་ཡོ་བྱད་ཐོབ་པར་སྔོན་འགོག་བྱེད་དགོས་པ་བསྐྱར་སྒྲོག་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག